འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་དངུལ་ཁང་གིས་ཀྲུང་གོའི་སྒྱུར་བཅོས་ལ་ཐབས་ཇུས་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་17ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། འཛམ་གླིང་དངུལ་ཁང་གིས་པར་གཞི་གསར་ཤོས་ཀྱི་བརྒྱུད་རིམ་རང་བཞིན་གྱི་རྒྱལ་ཁབ་གཅིག་གི་དབྱེ་ཞིབ་སྙན་ཞུ་ཡོངས་བསྒྲགས་བྱས་ནས་སྒྱུར་བཅོས་ཀྱིས་དེང་གི་ཀྲུང་གོའི་གྲུབ་འབྲས་བཏོད་པ་དང་། དེ་བས་བསྟུན་མཁས་དང་རྒྱུན་མཐུད་རང་བཞིན་གྱི་གོང་འཕེལ་ཡོང་བར་ཀྲུང་གོས་སྔར་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་བརྟེན་དགོས་ཀྱི་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།
         འཛམ་གླིང་དངུལ་ཁང་གི་བརྗོད་སྲོལ་ལྟར་ན། དུས་འབྲིང་རིང་གི་ངོས་ནས་བརྗོད་ཚེ་ཀྲུང་གོའི་དཔལ་འབྱོར་འཕར་རྒྱུ་དེ་ཚད་གཞི་ངེས་ཅན་ཞིག་གི་ཐོག་སྒྱུར་བཅོས་གཏིང་ཟབ་དང་མཐར་ཕྱིན་ལ་རག་ལུས་ཡོད་ཅིང་། “2020ལོ་ནས་2024ལོ་བར་ཀྲུང་གོས་གྲུབ་འབྲས་ཐོབ་པའི་ངང་སྒྱུར་བཅོས་གལ་ཆེན་ལ་སྐུལ་འདེད་བཏང་ཚེ་ལོ་རེར་ཆ་སྙོམས་དཔལ་འབྱོར་འཕར་ཚད་6.8%ཟིན་སྲིད་པ་དང་། གལ་ཏེ་སྒྱུར་བཅོས་བྱེད་ཤུགས་དང་ཕན་འབྲས་ལ་ཚད་ལྡན་ཚེ་དཔལ་འབྱོར་འཕར་ཚད་5.7%ཟིན་སྲིད་པ”དེ་རེད།
         འདི་ནི་འཛམ་གླིང་དངུལ་ཁང་གིས་ཀྲུང་གོའི་སྒྱུར་བཅོས་ལ་སྐུལ་ལྕག་དང་ངར་སློང་ཐེངས་དང་པོ་མིན་ཞིང་། གོ་ལ་ཧྲིལ་པོའི་ཕྱོགས་མང་གསར་སྤེལ་དངུལ་ཁང་འདིའི་ངོས་ནས་བལྟས་ཚེ་ཀྲུང་གོའི་སྒྱུར་བཅོས་ཀྲུང་གོ་མི་དམངས་དུང་ཕྱུར་མང་པོ་དང་འབྲེལ་བ་ཡོད་པ་མ་ཟད། ད་དུང་འཛམ་གླིང་གི་དཔལ་འབྱོར་དང་ཡང་འབྲེལ་བ་དམ་ཟབ་ཡོད་པ་རེད།
         “སྒྱུར་བཅོས་རྒྱ་ཁྱབ་བྱས་པ་ལས་འདས་ཟིན་པའི་ནང་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕར་རྒྱུ་མངོན་འགྱུར་བྱུང་བ་དང་། སྒྱུར་བཅོས་འདི་དག་གིས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཞིང་ལས་གཙོ་བོར་བྱེད་པ། བཀག་སྡོམ་རྣམ་པའི་འཆར་གཞིའི་དཔལ་འབྱོར་དངོས་ཚན་དེ་བས་ཁྲོམ་ར་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་སྒོ་འབྱེད་རྣམ་པའི་དཔལ་འབྱོར་དངོས་ཚན་ཞིག་ཏུ་བསྒྱུར་ཡོད”ཅེས་ཤོག་ལྷེ་136ཡོད་པའི་སྙན་ཞུ་དེའི་ནང་འཁོད་ཡོད་པ་དང་། ཀྲུང་གོའི་དཔལ་འབྱོར“ལོ་རྒྱུས་རང་བཞིན”གྱི་སྒོ་ནས་མགྱོགས་མྱུར་འཕར་བའི་རྒྱུ་མཚན་གཙོ་བོ་ནི་མི་འབོར་དབུལ་པོའི་གྲངས་འབོར“སྔར་ན་མེད་པའི”མྱུར་ཚད་དང་གཞི་ཁྱོན་ཆེན་པོས་ཉུང་དུ་ཕྱིན་པ་དེ་རེད་ཅེས་འཁོད་ཡོད།
        སྙན་ཞུའི་ནང་གྲངས་གཞི་ཁག་གཅིག་དྲངས་ཡོད་པ་སྟེ། 1978ལོ་ནས་2014ལོའི་བར་ཀྲུང་གོའི་མི་རེའི་ཆ་སྙོམས་ཡོང་འབབ་དངོས་ལྡབ་16འཕར་བ་དང་། མི་རེའི་ཉིན་རེའི་འཚོ་བའི་གྲོན་དངུལ་ཨ་སྒོར་1.9ཡི་རྒྱལ་སྤྱིའི་ཅ་དངོས་ཉོ་བའི་གཞུང་བཅད་རིན་གོང་ལྟར་རྩིས་བརྒྱབ་ཚེ་ཀྲུང་གོའི་དབུལ་པོ་དབུལ་རྐྱང་ཐོན་ཚད་1981ལོའི་88.3%ནས་2013ལོའི་1.9%བར་ཤུགས་ཆེན་ཆག་པ་དང་། ཀྲུང་གོ་བ་དུང་ཕྱུར་8.5ལྷག་ཙམ་དབུལ་པོའི་གནས་ལས་བསྒྲལ་ཡོད་པ་དེ་རེད།
         “དབུལ་པོ་དབུལ་རྐྱང་ཉུང་དུ་གཏོང་བའི་འཕེལ་རིམ་ནང་ཀྲུང་གོར་འཕེལ་རྒྱས་མངོན་གསལ་དོད་པོ་ཐོབ་ནས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད”ཅེས་སྙན་ཞུ་ཐོག་མར་འབྲི་མཁན་འཛམ་གླིང་དངུལ་ཁང་ཀྲུང་གོ་ཅུས་རྒྱལ་ཁབ་ཅིག་གི་ལས་སྒོའི་ཀྲུའུ་རེན་སུའུ་ཤུན་ཤེས་གདེང་འཇོག་དེ་ལྟར་བྱས་པ་རེད།
        འཛམ་གླིང་དངུལ་ཁང་གིས་དུས་འབྲིང་ནས་བལྟས་ཚེ། ཀྲུང་གོར་འཕྲད་པའི་འགག་རྩའི་འགྲན་སློང་ནི་ཇི་ལྟར་བྱས་ཏེ་དཔལ་འབྱོར“གོ་རིམ་ལྡན་པའི་ངང”འཕར་འགོར་དུ་གཏོང་བར་བསྒྱུར་རྒྱུ་དེ་ཡིན་མོད། འོན་ཀྱང་དེ་བས་དོ་སྙོམས་དང་རྒྱུན་མཐུད་ཀྱི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་ཐུབ་པ་བྱ་རྒྱུ་དེ་ཡིན་པའི་ངོས་འཛིན་བྱས་ཡོད། སྙན་ཞུའི་ནང་ཀྲུང་གོའི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་བར་གྱི་འགལ་བར་གྱུར་ཡོད་པ་དང་། དམངས་ཡོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཇི་ལྟར་མཉམ་སྤྱོད་བྱ་རྒྱུ་དེ་ཡང་ཀྲུང་གོར་འཕྲད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད་ཅེས་དམིགས་སུ་བཀར་ནས་གླེང་ཡོད།
        སྙན་ཞུའི་ནང་། 2014ལོར་གྲོས་འཆམ་བྱུང་བའི་ཀྲུང་གོའི་སྔོན་རྩིས་ཁྲིམས་གསར་དམིགས་སུ་བཀར་ནས་གླེང་ཡོད་པ་དང་། དེ་ས་གནས་སྲིད་གཞུང་གི་སྔོན་རྩིས་སྒྲིག་ཁྲིམས་ལ་ཤུགས་སྣོན་རྒྱག་པ་དང་། ནོར་སྲིད་ཡོངས་བསྒྲགས་ཐུབ་ཚད་མཐོ་རུ་གཏོང་རྒྱུའི་ངོས་ནས་བརྗོད་ཚེ“ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང”ལྡན་ཡོད་ཅེས་བརྗོད་ཡོད། དེ་དང་ཆབས་ཅིག་སྙན་ཞུའི་ནང་སྔོན་རྩིས་ཁྲིམས་གསར་དོན་འཁྱོལ་ཏན་ཏིག་དང་ཡག་པོ་ཐུབ་པར་ཀྲུང་གོས“ད་དུང་ལས་དོན་མང་དག་སྒྲུབ་དགོས་པའི”དྲན་སྐུལ་ཡང་བྱས་ཡོད།
         ཐེ་ཚོམ་བྱེད་དོན་མེད་པ་ཞིག་ལ་འཛམ་གླིང་དངུལ་ཁང་གིས་དོ་ཁུར་བྱེད་པའི་ཁྱབ་ཁོངས་མང་པོ་ཞིག་གི་སྒྱུར་བཅོས་ལ་ཀྲུང་གོས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། སྙན་ཞུ་གསར་ཤོས་དེའི་ནང་གླེང་བའི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་སྒྲིག་གཞི་སྒྱུར་བཅོས་དཔེ་དྲངས་ནས་ཟླ་2ཚེས་8ཉིན་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་ཐུན་མོང་ནོར་སྲིད་འགན་དབང་དང་འགྲོ་གྲོན་འགན་འཁྲི་དབྱེ་བའི་སྒྱུར་བཅོས་ཇུས་གཞི་》བཀྲམ་ནས་སྡེབ་གཅིག་ཏུ་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་འབྲེལ་ཡོད་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་ཆེན་པོ་18བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།