འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་ལ་གྲོས་
    གཞི་325དང་འཐུས་མིའི་གྲོས་འགོ་7100ལྷག་ཙམ་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་17ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་16ཉིན་གསར་འགོད་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་དྲུང་ཡིག་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ཚོགས་འདུའི་རིང་འཐུས་མིའི་གྲོས་གཞི་325འབྱོར་བའི་ནང་འཐུས་མི་ཚོགས་པས་བཏོན་པའི་གྲོས་གཞི་12དང་འཐུས་མིས་མིང་མཉམ་དུ་བཀོད་ནས་བཏོན་པའི་གྲོས་གཞི་313ཡོད་པ་རེད། མིག་སྔར་ཁྱོན་འཐུས་མིའི་གྲོས་འགོ་7100ལྷག་ཙམ་འབྱོར་ཡོད་པ་རེད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་དྲུང་ཡིག་ཁྲུའི་གྲོས་གཞི་ཚོགས་ཆུང་གི་ཙུའུ་ཀྲང་ཀུའོ་ཀྲེན་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འཐུས་མིས་བཏོན་པའི་འབྲེལ་ཡོད་ཁྲིམས་འཛིན་ཐད་ཀྱི་གྲོས་གཞི་322ཀྱིས་མང་ཆེ་བ་བཟུང་ཡོད། ནང་དོན་གཙོ་བོ་གཤམ་གསལ་ཐད་གཅིག་ཏུ་བསྡུས་པ་སྟེ། གཅིག་ནས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་གི་དགོས་མཁོ་དང་འཚམ་པར་བྱས་ནས་ས་གནས་ཀྱི་རྩ་འཛུགས་ཀྱི་ཁྲིམས་སྲོལ་དང་། མི་དམངས་ཁྲིམས་ཁང་གི་རྩ་འཛུགས་ཀྱི་ཁྲིམས་སྲོལ། མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་ཀྱི་ཁྲིམས་སྲོལ། ཉེས་དོན་གཏུག་བཤེར་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་དགོས་ལུགས་བཏོན་པ་དང་། གཉིས་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པར་བྱས་ནས་དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་གི་ལེ་ཚན་ཁག་བཏོན་ཏེ་ཚོང་དོན་བཅའ་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ་དང་། གློག་རྡུལ་ཚོང་དོན་གྱི་བཅའ་ཁྲིམས། སྤུས་ཚད་སྐུལ་སྤེལ་གྱི་བཅའ་ཁྲིམས། སྤྱི་ཚོགས་ཀྱི་ཡིད་རྟོན་བཅའ་ཁྲིམས་སོགས་བཟོ་དགོས་ལུགས་བཏོན་པ། གསུམ་ནས་དམངས་འཚོ་ཏན་ཏིག་ངང་འགན་ལེན་དང་ལེགས་སུ་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཏེ་རྒན་རྒོན་གྱི་ཁེ་དབང་འགན་ལེན་བཅའ་ཁྲིམས་དང་། བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས། ལས་རིགས་སློབ་གསོའི་བཅའ་ཁྲིམས། འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་བཅའ་ཁྲིམས། སྨན་རྫས་དོ་དམ་བཅའ་ཁྲིམས་སོགས་དང་། སྡེ་ཁུལ་གྱི་ལྟ་ཞིབ་དང་། སློབ་གྲྭའི་བདེ་འཇགས། སློབ་ཞུགས་གོང་གི་སློབ་གསོ། བཅའ་ཁྲིམས་རོགས་སྐྱོར། སྤྱི་ཚོགས་རོགས་སྐྱོབ་སོགས་འབྲེལ་ཡོད་བཅའ་ཁྲིམས་བཟོ་དགོས་ལུགས་བཏོན་པ། བཞི་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱས་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་འབྲེལ་ཡོད་བཅའ་ཁྲིམས་བཟོ་དགོས་ལུགས་བཏོན་པ། ལྔ་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ནགས་ཚལ་བཅའ་ཁྲིམས་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས། སྲ་གཟུགས་གད་སྙིགས་ཀྱི་སྦགས་བཙོག་ཁོར་ཡུག་འགོག་བཅོས་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་བཟོ་དགོས་ལུགས་བཏོན་པ་དང་། འདམ་ར་སྲུང་སྐྱོང་དང་། གད་སྙིགས་རིགས་དབྱེ། ས་རྒྱུའི་སྦགས་བཙོག་འགོག་བཅོས་སོགས་འབྲེལ་ཡོད་བཅའ་ཁྲིམས་བཟོ་དགོས་ལུགས་བཏོན་ཡོད།
        ཀུའོ་ཀྲེན་ཧྭ་ཡིས། “བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཚོགས་ཆེན་གྱི་དྲུང་ཡིག་ཁྲུས་འཐུས་མིའི་གྲོས་གཞིར་རིམ་པ་བཞིན་དབྱེ་ཞིབ་གནང་ནས་ཐོག་མའི་ཐག་གཅོད་ཀྱི་བསམ་འཆར་ཞིབ་འཇུག་གནང་ནས་བཏོན་ཏེ་བརྒྱུད་རིམ་ལ་གཞིགས་ནས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་རེད”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།