འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཏི་ལེ་སེན་གནས་དབྱུང་བཏང་བའི་སྐོར་གླེང་ནས་ཨ་རི་ཕྱོགས་
    དང་མུ་མཐུད་མཉམ་ལས་རྣམ་པ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་བཤད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་17ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་14ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་རྒྱལ་དོན་བློན་ཆེན་ཏི་ལེ་སེན་གྱིས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་པར་བསྔགས་བརྗོད་བྱེད་ཀྱི་ཡོད། ཨ་རིའི་རྒྱལ་དོན་བློན་ཆེན་གསར་པ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཀྲུང་ཨའི་འབྲེལ་བ་མུ་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།
         དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཨ་རིའི་རྒྱལ་དོན་བློན་ཆེན་ཏི་ལེ་སེན་གནས་དབྱུང་བཏང་བར་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། རྒྱལ་དོན་བློན་ཆེན་གྱི་འོས་མི་གསར་པ་ཕེང་ཕེ་ཨའོ་ཡིས་ཀྲུང་གོར་ཕྱོགས་པའི་འབྲེལ་བ་དང་ཁྲའོ་ཞན་ལ་ཕྱོགས་པའི་འབྲེལ་བའི་རྣམ་འགྱུར་དྲག་པོ་ཡོད། ཀྲུང་གོ་ཕྱོགས་ལ་ཀྲུང་ཨའི་འབྲེལ་བའམ་ཡང་ན་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་འབྱུང་འགྱུར་འགྱུར་ལྡོག་དེ་བས་མང་བ་ཡོང་རྒྱུ་ཡིན་པའི་སེམས་ཁྲལ་ཡོད་དམ་ཞེས་གསར་འགོད་པ་ཞིག་གིས་དྲིས།
         ལུའུ་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་སྲིད་གཞུང་ནང་ཁུལ་དུ་མི་དོན་འགྱུར་ལྡོག་བྱུང་བར་དོ་སྣང་བྱུང་། རྒྱལ་དོན་བློན་ཆེན་ཏི་ལེ་སེན་གྱིས་གོ་གནས་འཁུར་རིང་ཀྲུང་གོ་ཕྱོགས་དང་སྦྲེལ་མཐུད་ཟབ་མོ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་དོན་བློན་ཆེན་ཏི་ལེ་སེན་གྱིས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་པར་བསྔགས་བརྗོད་བྱེད་ཀྱི་ཡོད། སླད་ཕྱིན་ཁོང་གིས་མུ་མཐུད་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་བཤད།
        ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་གསར་དུ་གོ་གནས་འཁུར་བའི་ཨ་རིའི་རྒྱལ་དོན་བློན་ཆེན་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་གཞིར་བཟུང་ཕན་ཚུན་བརྩི་འཇོག་དང་། གཉིས་ཁེ་གཉིས་ཕན། མཉམ་ལས་ལ་དམིགས་པ། ལྟ་བ་མི་མཐུན་པ་དོ་དམ་ཚོད་འཛིན་བཅས་བྱས་ཏེ་ཀྲུང་ཨའི་འབྲེལ་བ་མུ་མཐུད་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།
        ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་ཁྱབ་ཁོངས་གལ་ཆེན་དང་རྒྱལ་སྤྱིའི་ས་ཁུལ་གྱི་ཀུན་གྱིས་དོ་སྣང་བྱེད་པའི་གནད་དོན་ཐད་མཉམ་ལས་བྱེད་པའི་སྐོར་གླེང་སྐབས། ལུའུ་ཁང་གིས་མཉམ་ལས་དེ་དག་སྤེལ་ཐུབ་པའི་རྒྱུ་མཚན་ནི་དེ་དག་ཀྲུང་ཨ་ཕྱོགས་གཉིས་པོའི་གཞི་རྩའི་ཁེ་ཕན་དང་མཐུན་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་དོ་ཁུར་གྱི་རེ་སྒུག་ཅིག་ཀྱང་ཡིན་པས་རེད། “ང་ཚོས་ཨ་རི་ཕྱོགས་དང་མུ་མཐུད་འདི་ལྟ་བུའི་མཉམ་ལས་རྣམ་པ་རྒྱུན་འཁྱོངས་བྱེད་འདོད་ཡོད”ཅེས་བཤད།
         ཚེས་13ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་གློ་བུར་དུ་ད་ལྟ་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་བཞིན་པའི་ཕེང་ཕེ་ཨའོ་ཡིས་ཏི་ལེ་སེན་གྱི་ཚབ་བྱས་ཏེ་རྒྱལ་དོན་བློན་ཆེན་གྱི་གོ་གནས་འཁུར་རྒྱུའི་མིང་འདོན་ཁྱབ་བསྒྲགས་བྱས་ཤིང་། ཏི་ལེ་སེན་གྱི་གོ་གནས་འཁུར་ཡུན་ཟླ་3པའི་ཟླ་མཇུག་བར་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།