འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་
    ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་པ།

     ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གསལ་བཤད་གསན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ནས་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གསལ་བཤད་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསལ་བཤད་གསན་པ་རེད།
         ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུར་འཐུས་མི་2980ཕེབས་དགོས་པ་དང་། འཐུས་མི་2962ཕེབས་ཡོད་པ་དང་། འཐུས་མི་18ཕེབས་ཐུབ་མེད་པས་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཅན་གོས་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད་གནང་བ་རེད། ལི་ཅན་གོས་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་བཟོ་རྒྱུ་ནི་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐབས་ཇུས་བཀོད་སྒྲིག་སྐོར་གྱི་ཏང་ཀྲུང་དབྱང་གི་བྱ་ཐབས་གལ་ཆེན་ཞིག་དང་། ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་ནས་གཅིག་སྡུད་གཅིག་གྱུར་དང་དབང་གྲགས་ལྡན་ལ་ནུས་པ་ཆེ་བའི་རྒྱལ་ཁབ་ཀྱི་ལྟ་ཞིབ་མ་ལག་བསྐྲུན་པའི་ལྡོག་མེད་ཀྱི་བླང་བྱ་ཞིག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ནས་དུས་བབ་གསར་པའི་འོག་རུལ་རྒོལ་འཐབ་རྩོད་སྤེལ་ཆེད་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱེད་པའི་དོན་དངོས་ཀྱི་དགོས་མཁོ་ཞིག ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་གཅིག་གྱུར་དམ་ཟབ་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་ལྟ་ཞིབ་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པའི་གསར་གཏོད་ཀྱི་བྱ་ཐབས་ཤིག རྩ་ཁྲིམས་ལག་ལེན་བསྟར་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་སྟེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་ཤིག་བཅས་རེད་ཅེས་གསུངས་པ་རེད།
         ལི་ཅན་གོས་ལྟ་ཞིབ་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་ལས་དོན་ཐད་གཤམ་གསལ་གྱི་བསམ་ཕྱོགས་དང་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་སྟེ། གཅིག་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་རྩ་ཁྲིམས་བཟོ་བཅོས་དང་གཅིག་གྱུར་རྒྱུན་འཁྱོངས་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། གསུམ་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བཞི་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་བཞིན་ཁྲིམས་འཛུགས་བཅས་མཐའ་འཁྱོངས་བྱེད་དགོས་པ་བཅས་རེད་ཅེས་གསུངས་པ་རེད།
         ལི་ཅན་གོས་ལྟ་ཞིབ་བཅའ་ཁྲིམས་འཆར་ཟིན་ལ་ཁྱོན་ལེའུ་9ལ་དབྱེ་ཡོད་པ་དེའི་ནང་སྤྱིའི་རྩ་འཛིན་དང་། ལྟ་ཞིབ་ལས་ཁུངས་དང་དེའི་འགན་འཁྲི། ལྟ་ཞིབ་ཁྱབ་ཁོངས་དང་དོ་དམ་བྱེད་ཁོངས། ལྟ་ཞིབ་ཀྱི་དབང་ཚད། ལྟ་ཞིབ་ཀྱི་གོ་རིམ། རུལ་རྒོལ་གྱི་རྒྱལ་སྤྱིའི་མཉམ་ལས། ལྟ་ཞིབ་ལས་ཁུངས་དང་ལྟ་ཞིབ་མི་སྣར་ལྟ་སྐུལ། བཅའ་ཁྲིམས་ཀྱི་འགན་འཁྲི་དང་ཞར་བྱུང་བཅས་ཁྱོན་དོན་ཚན་69ཚུད་ཡོད། དེའི་ནང་ཕྱོགས་བདུན་ཐད་ཀྱི་ནང་དོན་གཙོ་བོ་ཚུད་པ་སྟེ། གཅིག་ནི་ལྟ་ཞིབ་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་འགོ་ཁྲིད་ཀྱི་སྒྲིག་གཞི་ཁ་གསལ་བཟོ་བ་དང་། གཉིས་ནི་ལྟ་ཞིབ་ལས་དོན་གྱི་རྩ་དོན་དང་བྱེད་ཕྱོགས་ཁ་གསལ་བཟོ་བ། གསུམ་ནི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གསར་དུ་ཐོན་པ་དང་དེའི་འགན་འཁྲི་ཁ་གསལ་བཟོ་བ། བཞི་ནི་སྤྱིའི་དབང་ཆ་སྤྱོད་མཁན་གཞུང་ལས་པ་ཡོངས་ལ་ལྟ་ཞིབ་བྱ་རྒྱུ་ཁྱབ་པ། ལྔ་ནི་ལྟ་ཞིབ་ལས་ཁུངས་ལ་དགོས་ངེས་ཀྱི་དབང་ཚད་སྤྲོད་རྒྱུ། དྲུག་ནི་ལྟ་ཞིབ་ཀྱི་གོ་རིམ་ཚད་ལྡན་ནན་པོ་བཟོ་བ། བདུན་ནི་ལྟ་ཞིབ་ལས་ཁུངས་དང་ལྟ་ཞིབ་མི་སྣར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་བཅས་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིའི་གྲོས་གཞིའི་ནང་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་ལས་ཁུངས་དང་སྲིད་འཛིན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞིར་》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ་དེའི་ནང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་དང་འབྲེལ་བ་ཡོད་པའི་ནང་དོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་མོས་མཐུན་ཡོད།
         ད་ལྟ་《ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི་》གཞིར་བཟུང་གྲུབ་པའི་《རྒྱལ་སྲིད་སྤྱི་ཁབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞི་》རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་བཞིན། རྒྱལ་དོན་ཨུ་ཡོན་ཝང་ཡུང་གིས་རྒྱལ་སྲིད་སྤྱི་ཁབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིའི་སྐོར་གྱི་གསལ་བཤད་གནང་ཞིང་། ཁོང་གིས་ད་ཐེངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཞིབ་ཕྲའི་ནང་དོན་གཤམ་གསལ་ཏེ། གཅིག་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྡེ་ཚན་ལེགས་སྒྲིག་བྱས་ནས་རང་བྱུང་ཐོན་ཁུངས་པུའུ་དང་། སྣོད་བཅུད་ཁོར་ཡུག་པུའུ། ཞིང་ལས་གྲོང་གསེབ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ། འཕྲལ་སྡོམ་དོ་དམ་པུའུ་བཅས་འཛུགས་རྒྱུ་དང་། ཚན་རིག་ལག་རྩལ་པུའུ་དང་ཁྲིམས་འཛིན་པུའུ་བསྐྱར་དུ་འཛུགས་རྒྱུ། ཆུ་བེད་པུའི་འགན་འཁྲི་དང་རྩིས་བཤེར་ཧྲུའི་འགན་འཁྲི་ལེགས་སུ་གཏོང་རྒྱུ། ལྟ་ཞིབ་པུའུ་དང་རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ནང་ཟླ་སྒྲིལ་གཏོང་རྒྱུ་བཅས་ཀྱི་སྐོར་དང་། གཉིས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་གཞན་དག་ལེགས་སྒྲིག་བྱས་ནས་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས། རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུས། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་བཅས་འཛུགས་རྒྱུ་དང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་བསྐྱར་དུ་འཛུགས་རྒྱུ་དང་རྒྱལ་ཡོངས་སྤྱི་ཚོགས་འགན་ལེན་ཐེབས་རྩ་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་འབྲེལ་བ་ལེགས་སྒྲིག་བྱ་རྒྱུ། རྒྱལ་ཁྲལ་དང་ས་ཁྲལ་བསྡུ་ལེན་དོ་དམ་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་བཅས་རེད་ཅེས་གསུངས་པ་རེད།
         ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་འོས་མིའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བརྡས་ཐག་གཅོད་ཐབས་ལ་གྲོས་འཆམ་བྱུང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མཚན་ཐོར་གྲོས་འཆམ་བྱུང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་མཚན་ཐོར་གྲོས་འཆམ་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།