འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་ལྗོངས་ཀྱི་བུད་མེད་འཐུས་མི་དང་ཨུ་ཡོན་གྱིས་བུད་མེད་ཀྱི་ཁེ་དབང་འགན་ལེན་
    ནུས་ལྡན་བྱུང་ཡོད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཞུགས་མཁན་རང་ལྗོངས་ཀྱི་བུད་མེད་འཐུས་མི་དང་ཨུ་ཡོན་ཚོས། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་རྒྱ་ཆེའི་བུད་མེད་རྣམས་ལ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཐད་ཀྱི་ཁེ་དབང་འགན་ལེན་ནུས་ལྡན་བྱུང་ཡོད་ཅེས་གསུངས་པ་རེད།
         བོད་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྲོད“མཛེས་མ་ལྔ”ཡོད། ཚེ་རིང་མཚོ་བསྟན་དང་། སྐལ་བཟང་བདེ་སྐྱིད། སྐལ་བཟང་སྒྲོལ་དཀར་སོགས་བུད་མེད་ཀྱི་འཐུས་མི་ཚོས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། རྒན་རྒོན་རྣམས་ཀྱིས་གསུངས་པ་ལྟར་ན། བོད་རྙིང་པར་བུད་མེད་ཀྱི་གནས་བབ་ཧ་ཅང་དམའ་པོ་ཡིན་པ་དང་། ད་ཆ་ཕོ་མོ་འདྲ་མཉམ་ནི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དུ་འགྱུར་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཁྱིམ་ཚང་གི་ཐོན་སྐྱེད་འཚོ་བའི་ཁྲོད་བུད་མེད་ཀྱི་གནས་བབ་ཇེ་མཐོར་དང་ནུས་པ་ཆེ་རུ་ཕྱིན་ནས་དངོས་འབྲེལ“གནམ་ཕྱེད་ཀ་འདེགས་མཁན”ལ་གྱུར་ཡོད་པ་རེད། ང་ཚོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ནས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་མཉམ་དུ་རྒྱལ་དོན་ཐུན་མོང་ཐོག་གླེང་རྒྱུ་བྱུང་བ་ནི་དཔེ་མཚོན་ནུས་ལྡན་ཞིག་རེད་ཅེས་གསུངས།
         “བོད་ལྗོངས་རྙིང་པའི་བུད་མེད་ཀྱི་འཚོ་བ་སྤྱི་ཚོགས་ཀྱི་རིམ་པ་དམའ་ཤོས་སུ་གནས་པ་དང་། ངའི་རྨོ་བོ་ལགས་དང་ཨ་མ་ནི་ཐད་ཀའི་དཔང་པོ་ཞིག་རེད”ཅེས་ལྷུན་རྩེ་རྫོང་རྩ་རི་ཤང་ནས་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དཀོན་མཆོག་ཆོས་སྒྲོན་གྱིས་གསུངས་པ་དང་། ཁོང་གིས་རྨོ་བོ་ལགས་ལོ་བཅུ་གྲངས་ནས་ལྷོ་ཡུལ་ནས་ཞིང་བྲན་བདག་པོའི་ཁྱིམ་དུ་ནང་གཟན་བྱས་ཡོད། སྐབས་དེ་དུས་ཨ་མར་འཚོ་བཅུད་མི་འདང་བའི་རྐྱེན་གྱིས་ལོ་གསུམ་ལ་སླེབས་ཀྱང་གོམ་པ་སྤོ་མི་ཐུབ་པའི་ཡིད་སྐྱོ་དགོས་པའི་འདས་དོན་དེ་དག་ཁྱིམ་རྒྱུད་ཀྱི་གཉེན་ཉེ་ཚོའི་བརྗེད་ཐབས་བྲལ་བའི་དྲན་ཤེས་སུ་གྱུར་ཡོད་ཅེས་གསུངས། ད་ཆ་དཀོན་མཆོག་ཆོས་སྒྲོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རྩ་རི་ཤང་གི་ཤང་ཀྲང་ཡིན་པ་དང་། ཁྱིམ་ཚང་གི་མི་རབས་གསུམ་གྱི་བུད་མེད་ཀྱི་ལས་དབང་མི་འདྲ་བ་དེ་བོད་ཀྱི་སྤྱི་ཚོགས་མུན་ནག་ནས་འོད་ཟེར་ཕྱོགས་སུ་སྐྱོད་པའི་དཔང་པོར་གྱུར་ཡོད་ཅིང་། ཁོང་གིས་གསར་འགོད་པར་དཀའ་སྡུག་གི་ལོ་ཟླ་བརྒྱུད་མྱོང་བས་ཏང་གི་སྣེ་ཁྲིད་འོག་ཡར་ལངས་བྱུང་ནས་བདག་པོར་གྱུར་བ་དང་འབྱོར་འབྲིང་ལམ་ལ་སྐྱོད་ཐུབ་པ་བྱུང་བས་ཏང་གི་བཀའ་དྲིན་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་བརྟན་པོར་ངེས་སྲིད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།