འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བུད་མེད་ལ་དོ་ཁུར་བྱེད་པའི་དར་སྲོལ་དེ་བས་ཆགས་པར་བྱེད་དགོས།

    —“གསུམ་བརྒྱད”བུད་མེད་དུས་ཆེན་རིང་འཐུས་མི་དང་ཨུ་ཡོན་ཚོས་ཚ་ཚ་འུར་འུར་ངང་བུད་མེད་ལ་དོ་ཁུར་བྱ་རྒྱུའི་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་རྗེས། “གནམ་ཕྱེད་ཀ་འདེགས་མཁན་ཚོས”ཁྱིམ་ཚང་དང་ལས་གནས་གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱེད་དགོས་སྟབས་སེམས་ཁྲལ་གསར་པའང་མི་ཉུང་བ་ཞིག་ཡོང་གི་ཡོད། དུས་རབས་གསར་པའི་བུད་མེད་ལ་དེ་བས་དོ་ཁུར་ཡག་པོ་ཇི་ལྟར་བྱ་རྒྱུ་ནི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐོག་འཐུས་མི་དང་ཨུ་ཡོན་ཚོས་གླེང་མང་བའི་གཏམ་ཞིག་ཏུ་གྱུར་ཡོད།
         “ཕྲུ་གུ་གཉིས་སྐྱེ་ཆོག་པ་ནས་བཟུང་ང་ཚོའི་སྨན་ཁང་གི་ནད་སྐྱོང་བ་དང་སྨན་པ་ཚང་མས་ཕྲུ་གུ་གཉིས་པ་སྐྱེ་གི་འདུག ཡིན་ན་ཡང་ཁོང་ཚོར་བཙའ་གསོའི་ངལ་གསོ་ཟླ་བ་གསུམ་བཞི་ཙམ་ལས་མེད་སྟབས་ལས་ཀར་ཡོང་རྗེས་ལས་ཀ་དང་ཁྱིམ་ཚང་གཉིས་ཀར་ལྟ་རྟོག་བྱེད་དགོས་པས་དེ་སྔ་ལས་དཀའ་ལས་ཆེ་བ་ཡོད”ཅེས་པའི་སྲིད་གྲོས་ཀྱི་སྨན་དོན་དང་འཕྲོད་བསྟེན་རིགས་ཁོངས་ཀྱི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ལ་ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་ཤིས་ཡོན་སྨན་ཁང་འབྲས་སྐྲན་ནད་བརྟག་སྨན་བཅོས་པུའི་ཀྲུའུ་རེན་ཨུ་ཡོན་དབྱང་ཡུས་ཕེ་ཡི་སྐད་ཆ་དེར་ཚང་མས་བསམ་གཞིག་ནན་པོ་བྱེད་དགོས་བྱུང་ཡོད།
         དབྱང་ཡུས་ཕེ་ཡིས་འདི་ལོ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བདེ་ཐང་གི་ཀྲུང་གོའི་འཐབ་ཇུས་ལག་བསྟར་བྱས་ནས་བུད་མེད་དང་བྱིས་པའི་འཕྲོད་སྦྱོར་ཞབས་ཞུ་ལེགས་སུ་གཏོང་དགོས་ལུགས་བཏོན་པར་དོ་སྣང་བྱུང་ཞེས་གསུངས་པ་དང་། ཁོང་གིས“སྐྱེད་མར་དོ་ཁུར་དང་བདེ་ཐང་ལ་དོ་ཁུར་བྱ་རྒྱུ་ནི་ང་ཚོས་རྟག་ཏུ་འབོད་སྐུལ་བྱེད་པའི་གནད་དོན་ཞིག་རེད། ལྷག་དོན་དུ་བུད་མེད་སྨན་པ་དང་ནད་སྐྱོང་བ་ཚོ་དུས་ཡུན་རིང་པོ་མཚན་ལས་བྱེད་དགོས་སྟབས་དེ་བས་ལེགས་པའི་དོ་ཁུར་བྱེད་ཐབས་དགོས་ངེས་རེད”ཅེས་གསུངས།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྲང་ཧའེ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲོའུ་ཐུང་ཡུས་ཀྱིས་སྤྱི་ཚོགས་ཐོག་ལས་རིགས་བུད་མེད་ཀྱི་སེམས་ཁམས་བདེ་ཐང་གི་གནད་དོན་ལ་དོ་ཁུར་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
         ཀྲོའུ་ཐུང་ཡུས་ཀྱིས“ལས་རིགས་ཐོག་གི་བུད་མེད་དང་སྐྱེས་པ་ཚང་མ་བྲེལ་བ་ཆེ་མཉམ་ཡིན་མོད། འོན་ཀྱང་བུད་མེད་ནི་ཁྱིམ་ཚང་གི་ཁྱིམ་འཛིན་མ་དང་། ཨ་མ། བུ་མོ། མནའ་མ་བཅས་ཡིན་སྟབས་བློས་གཏོང་དེ་བས་མང་བ་བྱེད་དགོས་ཀྱི་ཡོད། ཁྱིམ་ཚང་དང་བྱ་གཞག་གཉིས་ཀ་དོ་སྙོམས་མ་བྱུང་ཚེ་བརྩེ་དུང་དང་སེམས་ཁམས་གང་སྤྱིའི་ཐད་ཉེན་ཁ་ཐོན་སླ་པོ་ཡོད། དམངས་སྲིད་སྡེ་ཚན་གྱིས་རིམ་ཁག་སྤྱི་ཚོགས་རྩ་འཛུགས་དང་། ཚོགས་པ། སྤྱི་ཕན་སྒྲིག་གཞི་བཅས་ཀྱི་སྣེ་ཁྲིད་དེ་བུད་མེད་ལ་སེམས་ཁམས་བདེ་ཐང་ཞབས་ཞུའི་ལས་སྟེགས་བཏོད་ནས་གནད་ཀྱིས་ཁྱོན་གྱི་སྣེ་ཁྲིད་པ་དང་དཔེ་སྟོན་གྱི་ཕན་འབྲས་རྒྱ་ཆེར་བཏང་ནས་བཅའ་ཁྲིམས་བློ་འདྲི་དང་བརྩེ་དུང་གསེད་བཀྲོལ་སོགས་ཆེད་ལས་ཀྱི་སེམས་ཁམས་ཞབས་འདེགས་ཞུ་དགོས་པའི”གྲོས་འགོ་བཏོན་གནང་བ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཞུས་རུའེ་ཞ་ཡིས“བུ་དང་བུ་མོའི་དབར་གྱི་ཕོ་མོའི་དབྱེ་བ་ལས་ལས་རིགས་དང་ལས་གནས་ཐོག་ལས་ཀ་གང་ཞིག་འཚམ་པའི་དབྱེ་བ་ཡོང་གི་ཡོད། ཕོ་མོ་འདྲ་མཉམ་གྱིས་ལས་ཀ་གང་ཞིག་བྱེད་པའི་ཚབ་བྱེད་མི་ཐུབ་སྟབས་ཧེ་བག་ཡོད། ལས་རིགས་ཐོག་གི་བུད་མེད་ལ་དེ་བས་དོ་ཁུར་དང་རོགས་རམ་དང་འཚར་ལོངས་ཀྱི་བར་མཐོངས་མཁོ་འདོན་བྱེད་དགོས”པའི་གྲོས་འགོ་བཏོན་གནང་བ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྲན་ཏུང་དབྱིང་ཚའེ་སློབ་གླིང་གི་ཏུང་ཧྲི་ཀྲང་དབྱང་ཝུན་གྱིས་བུད་མེད་ཀྱིས་ཕྲུ་གུ་སྐྱེ་བ་དང་གསོ་སྐྱོང་བྱེད་པ་སོགས་ཀྱི་འགན་དེ་བས་མང་བ་འཁུར་དགོས་ཀྱི་ཡོད་ལ། ཁྱིམ་ཚང་དང་སྤྱི་ཚོགས་ལ་ལེགས་སྐྱེས་ཀྱང་འབུལ་བཞིན་ཡོད། མི་སྤྱོད་ཚན་པས་འགན་འཁྲི་ཁག་གཅིག་འཁུར་རོགས་བྱས་ནས་བུད་མེད་ཚོའི་སེམས་ཁྲལ་སེལ་རོགས་བྱས་ཏེ་ཁོང་ཚོ་བློ་བདེའི་ངང་མི་ཚེའི་དམིགས་བསལ་གྱི་དུས་ཚོད་དེ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས།
         དུས་རབས་གསར་པར་བུད་མེད་ཀྱི་གནས་བབ་ཟམ་མི་ཆད་པར་མཐོ་རུ་འགྲོ་བཞིན་ཡོད། ལས་རིགས་མི་འདྲ་བ་ཚང་མར་ཕུལ་བྱུང་བུད་མེད་ཇེ་མང་དུ་འགྲོ་བཞིན་ཡོད། བུད་མེད་ཚོ་སྐྱེས་པ་དང་འདྲ་བར་ཚོང་གཉེར་བྱེད་ཐུབ་པ་དང་། གནམ་གྲུ་བཏང་ནས་མཁའ་དབྱིངས་སུ་འགྲོ་ཐུབ་པ། གྲུ་གཟིངས་བཏང་ནས་མཚོ་གཏིང་དུ་སྐྱོད་ཐུབ་པ། “ལྷ་གྲུ”བཏང་ནས་བར་སྣང་དུ་འགྲོ་ཐུབ་པ་མ་ཟད། ད་དུང་བུད་མེད་ཀྱི་དམིགས་བསལ་ཁྱད་ཆོས་ལས་རང་ཉིད་ཀྱི་ལས་གནས་ཐོག་བྱས་རྗེས་གཟེངས་སུ་ཐོན་པ་འཇོག་ཐུབ་ནས་བླ་ན་མེད་པ་དང་མཛེས་སྡུག་ལྡན་པའི་བྱ་གཞག་བཏོད་ཀྱི་ཡོད།
         ཁྱིམ་ཚང་དང་བྱ་གཞག་གི་འབྲེལ་བ་དོ་སྙོམས་ཇི་ལྟར་ཡོང་བར་བྱ་རྒྱུ་ནི་བུད་མེད་མང་པོ་ཞིག་གིས་ཐག་གཅོད་བྱེད་འདོད་ཆེ་ཤོས་ཀྱི་དཀའ་གནད་ལ་གྱུར་ཡོད། དབྱང་ཝུན་གྱིས་ནང་མི་དང་ཕྲུ་གུར་ལྟ་རྟོག་བྱེད་དགོས་སྐབས་དུས་ཚོད་དེ་བས་མང་བ་བློས་གཏོང་གིས་ཁྱིམ་ཚང་ལ་དོ་ཁུར་བྱེད་པ་དང་དོ་ཁུར་མཁས་པོ་བྱས་ཏེ། བུད་མེད་ཅིག་གི་ངོས་ནས་རང་ཉིད་ཀྱི་གནས་བབ་འཚོལ་མཁས་པོ་དང་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བར་བྱེད་དགོས་པའི་གྲོས་འགོ་བཏོན་གནང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།