འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཚན་རྩལ་རྣམ་གྲངས་སྟོང་ལ་ཉེ་བ་ལག་བསྟར་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་
    སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་06ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཀྱིས་ཚན་རྩལ་རྣམ་གྲངས་སྟོང་ལ་ཉེ་བ་ལག་བསྟར་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་
སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་4ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་གསལ། ལོ་ལྔའི་རིང་ལ། བོད་ལྗོངས་ཀྱིས་ཞིང་འབྲོག་ལས་དང་། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོའི་བྱ་གཞག་སོགས་ཁྱབ་ཁོངས་སུ་ཚན་རྩལ་འཆར་གཞི་རིགས་ཁག་གི་རྣམ་གྲངས་སྟོང་ལ་ཉེ་བ་ལག་བསྟར་བྱས་ནས་ཀྲུང་དབྱང་དང་བོད་ལྗོངས་ཀྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་ཀྱི་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་19.87དོན་ཐོག་ཏུ་འཁྱོལ་བ་རེད།
         བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འགོ་འཛིན་འཕྲིན་ལས་དབང་རྒྱལ་གྱིས་ངོ་སྤྲོད་གནང་བར་གཞིགས་ན། ལོ་ལྔའི་རིང་ལ། ཚན་རྩལ་གྱིས་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཁྱབ་ཁོངས་སུ་ནུས་པ་འདོན་སྤེལ་རྒྱུན་ཆད་མེད་པར་བྱས་ཏེ་ནས་ཀྱི་རྒྱུད་ལག་གསར་པ་38སྐྱེད་སྲིང་བྱས་པ་དང་། སྐྱེ་ཁམས་ཁུལ་མི་འདྲ་བའི་ནས་ཐོན་ཆེའི་འདེབས་གསོའི་ལག་རྩལ་མ་དཔེ་3ཞིབ་འཇུག་དང་གསར་བཟོ་བྱས་པ་དང་། བོད་ལྗོངས་ཀྱི་འབྲི་གཡག་རིགས་ཁྱུ་17གྱི་རྒྱུད་འཛིན་སྣ་མང་རང་བཞིན་གྱི་དཔྱད་དཔོག་དང་ཐོན་སྐྱེད་ནུས་པ་ཚད་འཇལ་གཏན་འཁེལ་ལེགས་འགྲུབ་བྱས་ཤིང་། ས་བབ་སྨི་4750ཡན་མཐོ་བའི་འབྲོག་ཁུལ་དུ་འབྲི་མོར་ལོ་རེར་མངལ་ཐེངས་རེ་འཁོར་བའི་འགག་རྩའི་ལག་རྩལ་གྱི་དཀའ་གནད་བསྒྲོལ་བ་དང་། གཟན་རྩྭའི་སོན་ལེགས་པོ་རིགས་300ལྷག་ནང་འདྲེན། རི་སྐྱེས་རྩྭ་རིགས་10འདེབས་གསོ། གཟན་རྩྭ་འདེབས་འཛུགས་རྟེན་གཞི་མུའུ་ཁྲི་30ཡན་འཛུགས་སྐྲུན་བཅས་བྱས་པ་རེད།
         སྐྱེ་ཁམས་སྲུང་སྐྱོང་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་བོད་ལྗོངས་ཀྱིས་བྱང་ཐང་གཙང་ཆུ་མཚེའུའི་ཆུ་འགོའི་རྒྱུད་དང་། མངའ་རིས་གཙང་ཆུ་མཚེའུའི་ཆུ་མགོའི་རྒྱུད། བོད་ཤར་ལྷོ་རྒྱུད་བཅས་ཁུལ་གཙོ་བོ་གསུམ་གྱི་འཁྱགས་ཀླུང་དང་། མཚེའུ། འབབ་ཆུ་སོགས་ཀྱི་ཐད་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱས་ནས་ཁུངས་བཙན་པའི་གཞི་གྲངས་མང་པོ་རྙེད་པ་དང་། “ནག་ཆུར་ཚན་རིག་དང་མཐུན་པའི་ཤིང་སྡོང་འདེབས་འཛུགས”ཁྱབ་སྤེལ་བྱས་ནས་མྱུག་གསོ་བྱེད་རྒྱ་མུའུ་500དང་དེ་བཞིན་དཔེ་སྟོན་ནགས་བཟོ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་ཤིང་འཛུགས་དང་ཆ་འགྲིག་པའི་སོན་བཟང་ཐོན་ཁུངས་མཛོད་བཙུགས་ནས་གཞི་ཁྱོན་ལྡན་པའི་འདེབས་འཛུགས་མ་ལག་3ཆགས་ཤིང་། སྐྱེ་དངོས་རིགས་མང་རང་བཞིན་དང་སྐྱེ་དངོས་བདེ་འཇགས་རང་བཞིན་ལ་བརྟག་དཔྱད་ཞིབ་འཇུག་སྤེལ་ནས་ཕྱི་ནས་ཡོང་བའི་ཉེན་ཁ་ཆེ་བའི་སྐྱེ་དངོས་རིགས་200ལྷག་ཙམ་ཤེས་རྟོགས་བྱུང་བ་རེད།
         འཕྲིན་ལས་དབང་རྒྱལ་གྱིས་གོང་དུ་བཤད་པ་ཙམ་གྱིས་མ་ཚད། ཚན་རྩལ་གྱིས་བོད་ལྗོངས་ཀྱི་སྤྱི་ཚོགས་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ལའང་སྐུལ་སྤེལ་བཏང་ནས་གྲུམ་བུ་ཚིགས་ཆེན་གྱི་ནད་དང་། ཐུམ་འབུའི་ནད་སོགས་ཡུལ་ནད་འགོག་བཅོས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཚན་རིག་ཞིབ་འཇུག་རྣམ་གྲངས་43བཀོད་སྒྲིག་བྱས་ནས་བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ལག་རྩལ་400ལ་ཉེ་བ་དང་། རྒྱུན་འབྱུང་་ས་མཐོའི་ནད་དང་ས་གནས་མང་འབྱུང་ནད་རིགས་སྨན་བཅོས་བྱེད་ཐབས་132ཁྱབ་སྤེལ་དང་ཁ་སྐོང་བྱས་པ་དང་། མཚོ་བོད་ས་མཐོའི་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་མ་དཔེའི་མཛོད་གདོས་བཅས་མཛོད་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་ནས་དཔེ་ཁྲག་ཁྲི་1ལྷག་འཚོལ་བསྡུ་བྱས་ཡོད་ཅེས་བརྗོད་པ་རེད།
         འཕྲིན་ལས་དབང་རྒྱལ་གྱིས་2018ལོར་མུ་མཐུད་ནས་བོད་ལྗོངས་ཀྱིས་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཀྱི་ཚན་རྩལ་འགག་སྒྲོལ་ལ་མུ་མཐུད་ཤུགས་སྣོན་དང་། དེང་རབས་ཐོན་ལས་ལག་རྩལ་གསར་གཏོད་མ་ལག་འཐུས་སྒོ་ཇེ་ཚང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེར་གཏོང་བཅས་དང་། སྤྱི་ཚོགས་དམངས་འཚོའི་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་སོགས་བྱས་ནས“འཕེལ་རྒྱས་དང་། བརྟན་ལྷིང་། སྐྱེ་ཁམས”བཅས་ཀྱི་འགག་མདོའི་ཚོད་འཛིན་གྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཏེ་བོད་ལྗོངས་ཀྱི་ཚན་རྩལ་གསར་གཏོད་གོང་འཕེལ་ལ་མཆོང་སྐྱོད་གསར་པ་མངོན་འགྱུར་ཡོང་བར་འབད་བརྩོན་ཆེན་པོ་བྱེད་རྒྱུ་ཡིན་བསྟན་པ་རེད།
    ༄༅།།བོད་ལྗོངས་ཀྱིས་ཚན་རྩལ་རྣམ་གྲངས་སྟོང་ལ་ཉེ་བ་ལག་བསྟར་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་
སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།