འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་དབུལ་སྐྱོར་གྱི་སྨན་རིན་རྩིས་ཞུའི་བསྡུར་ཚད་93.6%ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་02ཉིན། 12:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་31ཉིན་གྱི་སྔ་དྲོ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། 2017ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་ཁག་མི་སྤྱི་སྡེ་ཚན་གྱིས་《སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་འཆར་གཞི་》དོན་འཁྱོལ་བྱས་ནས་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཤུགས་ཆེར་བཏང་ཞིང་། མིག་སྔར་ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི་39.7ཚང་མ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པ་དང་། ལོ་ཧྲིལ་པོར་མི་འབོར་དབུལ་པོ་མི་ཐེངས་ཁྲི་8.8སྨན་ཁང་དུ་བསྡད་པར་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩས་ནད་སྡོད་སྨན་རིན་སྒོར་དུང་ཕྱུར་2.88བཏང་བ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་སྨན་བཅོས་འགན་བཅོལ། རོགས་སྐྱོབ་རྗེས་ཀྱི་སྲིད་ཇུས་བཅས་ཀྱི་ཁྱབ་ཁོངས་སུ་སྨན་རིན་རྩིས་ཞུའི་བསྡུར་ཚད་93.6%ཟིན་གྱི་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་མི་འབོར་དབུལ་པོའི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་ནད་ཆེན་སྨན་བཅོས་འགན་བཅོལ་གྱི་སྨན་རིན་ཐོག་མའི་རྩིས་ཞུའི་ཚད་གཞི་ལེགས་སྒྲིག་བྱས་ནས་དེ་སྔའི་མི་ཐེངས་རེར་སྒོར་5000ནས་སྒོར་3000བར་དམའ་རུ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་དངུལ་གྲབས་གསོག་གི་ཚད་གཞི་ལེགས་སྒྲིག་བྱས་ནས་སྒོར་610ནས་སྒོར་680ཡི་བར་མཐོ་རུ་བཏང་བའི་ཁྲོད། ནོར་སྲིད་ནས་ཁ་གསབ་སྒོར་486ནས་སྒོར་526བར་མཐོ་རུ་བཏང་བ་དང་མི་སྒེར་གྱིས་འཇལ་དགོས་པའི་སྒོར་124ནས་སྒོར་154ཡི་བར་མཐོ་རུ་བཏང་བ་དང་། མི་སྒེར་གྱིས་འཇལ་རྒྱུའི་ཆ་ཤས་དམངས་སྲིད་ལས་ཁུངས་ནས་ཆ་ཚང་རོགས་སྐྱོར་བྱེད་ཀྱི་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་གི་ཚད་གཞི་ལེགས་སྒྲིག་བྱས་ཏེ་དེ་སྔའི་མི་རེའི་ཆ་སྙོམས་སྒོར་50ནས་སྒོར་60ཡི་བར་མཐོ་རུ་བཏང་བ་དང་། མི་འབོར་དབུལ་པོའི་དམིགས་བསལ་ནད་དང་དལ་བའི་ནད་རིགས་བརྟག་དཔྱད་བྱེད་སའི་་སྨན་ཁང་གི་རིམ་པ་དམའ་རུ་བཏང་ནས་ཞིང་ཆེན་ནང་ཁུལ་གྱི་རིམ་གསུམ་མམ་ཡང་ན་གྲོང་ཁྱེར་དང་ཀྲོའུ་དེ་གའི་རིམ་པ་མཐོ་ཤོས་ནས་རྫོང་ཁོངས་ཀྱི་འབྲེལ་ཡོད་ནད་རིགས་སྨན་བཅོས་ཚན་ཁག་གི་དམིགས་འཛུགས་ཕྱོགས་བསྡུས་སྨན་ཁང་དུ་དམའ་རུ་བཏང་བ་དང་འབྲེལ། རེ་ཞུའི་བརྒྱུད་རིམ་སྟབས་བདེ་རུ་དང་རེ་ཞུའི་དུས་ཚོད་ཐུང་དུ་བཏང་ནས་ཆ་རྐྱེན་དང་འཚམ་པའི་མི་འབོར་དབུལ་པོ་དུས་ཐོག་ཏུ་འགན་བཅོལ་གྱི་ཁྱབ་ཁོངས་ནང་འཇུག་རྒྱུ་འགན་ལེན་དང་། དམིགས་བསལ་ནད་དང་དལ་བའི་ནད་རིགས་བཅོས་པའི་སྲིད་ཇུས་ལོངས་སྤྱོད་བྱེད་རིང་གཏན་འབེབས་དང་འཚམ་པའི་སྨན་རིན་དང་། བརྟག་དཔྱད་རིན་པ། སྨན་བཅོས་རིན་པ་བཅས་འགྲོ་གྲོན་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་ནས་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་གྱི་ཐོབ་ཆ་ཚད་དང་མཐུན་པ་རྩིས་ཞུ་བྱས་ཏེ་མི་འབོར་དབུལ་པོས་ཕྱོགས་ཡོངས་ནས་དམིགས་བསལ་ནད་དང་དལ་བའི་ནད་རིགས་སྨན་བཅོས་བྱེད་པའི་སྲིད་ཇུས་ལོངས་སྤྱོད་ཐུབ་པའི་འགན་ལེན་གྱིས་མི་འབོར་དབུལ་པོའི་ཁུར་པོ་ཡང་དུ་བཏང་ཡོད་པ་རེད།
         མི་འབོར་དབུལ་པོ་འགན་བཅོལ་ནང་ཞུགས་པའི་ལས་དོན་ཡག་པོ་སྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་གྲོང་ཁྱེར་དང་ཀྲོའུ་ཁག་གི་མི་སྤྱི་སྡེ་ཚན་གྱི་མི་འབོར་དབུལ་པོ་འགན་བཅོལ་ནང་ཞུགས་ཚུལ་ཞིབ་བསྡུར་བྱས་ཏེ་སྨན་བཅོས་རོགས་སྐྱོབ་ཀྱི་QQགྲོགས་ཚོགས་བཟོས་ནས་མི་འབོར་དབུལ་པོ་འགན་བཅོལ་ནང་ཞུགས་སྐབས་འཕྲད་པའི་དཀའ་གནད་དུས་ཐོག་ཏུ་སེལ་རོགས་བྱེད་དགོས་པའི་མཛུབ་ཁྲིད་བྱས་པ་རེད།
         གོམ་སྟབས་རྗེས་མར། མི་འབོར་དབུལ་པོའི་ནད་ཆེན་སྨན་བཅོས་འགན་བཅོལ་གྱི་སྨན་རིན་ཐོག་མར་རྩིས་རྒྱག་པའི་ཚད་གཞིའི་གཟིགས་སྐྱོང་རང་བཞིན་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་ཐུབ་མེད་པ་དང་། ས་ཁུལ་ཁ་ཤས་ཀྱིས་སྨན་བཅོས་རོགས་སྐྱོབ་བྱེད་པའི་ཐད་ངོས་འཛིན་ཡག་པོ་བྱུང་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་ས་གནས་ཁག་གིས་སྨན་བཅོས་རོགས་སྐྱོབ་ཀྱི་གཟིགས་སྐྱོང་རང་བཞིན་གྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་ལྟ་ཞིབ་དང་མཛུབ་ཁྲིད་བྱ་རྒྱུ་ཡིན་པ་རེད། “དུད་ཚང་སྨན་བཅོས་འགན་བཅོལ་ནང་ཞུགས་པའི”སྨན་བཅོས་ཀྱི་དགུན་དཔྱིད་ཞབས་ཞུའི་ཟླ་བའི་བྱ་སྤྱོད་སྤེལ་ནས་ཞབས་ཞུ་ལེགས་སུ་བཏང་སྟེ་དུད་ཁྱིམ་དུ་བསྐྱོད་དེ་དབུལ་སྐྱོར་བྱ་རྒྱུ་ཡིན་པ་རེད། ལས་ཀ་ཡག་པོ་མི་སྒྲུབ་པའམ་ཡང་ན་མི་འབོར་དབུལ་པོའི་གྲངས་གཞི་ལེགས་སྒྲིག་དུས་ཐོག་བྱས་མེད་པའི་དབང་གིས་མི་འབོར་དབུལ་པོ་འགན་བཅོལ་ནང་ཞུགས་ཐུབ་མེད་པའམ་ཡང་ན་སྲིད་ཇུས་དོན་འཁྱོལ་གནད་ལ་འཁེལ་པོ་བྱུང་མེད་རིགས་འཕྲལ་མར་དག་ཐེར་གྱིས་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་གྱི་ཐོབ་ཆ་སྤྲོད་དགོས། 
      

    ཕྱོགས་བསྡུས་གསར་འགྱུར།