འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་རྩེ་རིམ་ཇུས་འགོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་02ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཕྱོགས་ཡོངས་ནས་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་ཏེ། དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་རྩེ་རིམ་ཇུས་འགོད་བྱས་ནས། ཏང་དང་མི་དམངས་བློ་ཡིད་ཚིམ་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གསར་གཏོད་རྣམ་པའི་དགེ་རྒན་དཔུང་ཁག་གསོ་སྐྱོང་བྱེད་དགོས་ལུགས་བཏོན་པ་རེད།
         《བསམ་འཆར་》ནང་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་དམིགས་ཚད་ལས་འགན་ཁ་གསལ་བཏོན་པ་སྟེ། ལོ་5ཡས་མས་འབད་བརྩོན་བྱས་པ་བརྒྱུད་དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་མ་ལག་སྤྱིར་ན་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་རིགས་འཕེལ་རྒྱས་འགྲོ་ལམ་སྤྱིར་ན་ཤར་གཏོང་ཐུབ་པ་བྱེད་པ། དོན་དབང་དང་མི་དབང་ནོར་དབང་བཅས་གཅིག་གྱུར་གྱི་དགེ་རྒན་དོ་དམ་སྒྲིག་སྲོལ་ཡོངས་ཁྱབ་ངང་འཛུགས་པ། གླ་ཕོགས་མཐོར་གཏོང་དང་འགན་ལེན་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དགེ་རྒན་ལས་རིགས་ཀྱི་ཡིད་དབང་འགུག་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས། དགེ་རྒན་དཔུང་ཁག་གི་གཞི་ཁྱོན་དང་། གྲུབ་ཆ། བྱང་ཚད་ཀྱི་ནུས་པ་བཅས་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྤྱིར་ན་འཚམ་པ་བྱེད་དགོས། 2035ལོར་སླེབས་སྐབས་དགེ་རྒན་གྱི་ཕྱོགས་བསྡུས་བྱང་ཚད་དང་། ཆེད་ལས་ཅན་གྱི་ཆུ་ཚད། གསར་གཏོད་ནུས་པ་བཅས་ཆེས་ཆེར་ལེགས་སུ་གཏོང་བ་དང་རྐང་འཛིན་དགེ་རྒན་ཁྲི་བརྒྱ་ཕྲག་དང་། ཕུལ་བྱུང་དགེ་རྒན་ཁྲི་བཅུ་ཕྲག སློབ་གསོ་མཁས་ཅན་རྣམ་པའི་དགེ་རྒན་ཁྲི་ཕྲག་གསོ་སྐྱོང་བྱེད་དགོས། དགེ་རྒན་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་ཚན་རིག་དང་མཐུན་ལ་ཕན་ནུས་ཆེ་རུ་བཏང་ནས་དགེ་རྒན་དཔུང་ཁག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་བྱེད་དགོས། དགེ་རྒན་གྱིས་ཆ་འཕྲིན་ཅན་དང་མི་བཟོས་རིག་ནུས་སོགས་ལག་རྩལ་གསར་པ་གསར་བསྒྱུར་ལ་རང་འགུལ་ངང་འཚམ་པ་བྱས་ཏེ་སློབ་གསོ་སློབ་ཁྲིད་ཧུར་ཐག་དང་ནུས་ལྡན་གྱི་སྒོ་ནས་སྤེལ་དགོས། དགེ་རྒན་ལ་གཙིགས་མཐོང་བྱ་རྒྱུ་དེ་སྲོལ་བཟང་དུ་འགྱུར་བ་བྱས་ནས་རྒྱ་ཆེའི་དགེ་རྒན་རྣམས་རང་ཉིད་ཀྱི་ལས་གནས་ཐོག་བདེ་སྐྱིད་ཚོར་སེམས་ཡོད་པ་དང་། བྱ་གཞག་ཐད་གྲུབ་འབྲས་ཐོབ་ཚོར་ལྡན་པ། སྤྱི་ཚོགས་ཐོག་གཟི་བརྗིད་མཚན་སྙན་ཡོད་པ་བཅས་བྱས་ནས་དགེ་རྒན་འདི་ཉིད་སྐྱེ་བོ་ཀུན་གྱིས་ཡིད་སྨོན་སྐྱེ་བའི་ལས་རིགས་སུ་འགྱུར་བ་བྱེད་དགོས་པ་བཅས་སོ།
         《བསམ་འཆར་》ནང་ཕྱོགས་ཡོངས་ནས་དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ལམ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། དགེ་རྒན་གྱི་ཆེད་ལས་བྱང་ཚད་ཀྱི་ནུས་པ་ཟམ་མི་ཆེད་པར་ཆེ་རུ་གཏོང་བ་དང་། དགེ་རྒན་དོ་དམ་གྱི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དགེ་རྒན་གྱི་གནས་བབ་དང་གླ་ཕོགས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་སྲིད་ཇུས་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་ཐུབ་པའི་འགན་ལེན་བྱེད་པ་སོགས་ཐད་ཞིབ་ཕྲའི་བྱེད་ཐབས་བཏོན་ཡོད། སྤྱི་ཚོགས་ཐོག་དོ་ཁུར་བྱེད་པའི་དགེ་རྒན་གྱི་ཀུན་སྤྱོད་ཀྱི་མིག་དཔེ་ཐོན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་བསམ་འཆར་ནང་དགེ་རྒན་གྱི་ཀུན་སྤྱོད་དཔྱད་ཞིབ་ཀྱི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་ཁྱབ་གདལ་བཏང་ནས་དགེ་རྒན་མི་སྒེར་གྱི་ཡིད་རྟོན་ཐོ་འགོད་བྱེད་པ་དང་ཡིད་རྟོན་ཁས་ལེན་དང་ཁ་དན་ཚིག་ལ་མ་གནས་པར་ཆད་གཅོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཏོན་ཡོད། དགེ་རྒན་དང་སློབ་གསོ་དར་རྒྱས་གཏོང་ཆེད་བསམ་འཆར་ནང་དགེ་རྒན་དང་སློབ་གསོ་དར་རྒྱས་ཀྱི་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་ནས། དགེ་འོས་སློབ་གླིང་དང་སློབ་གྲྭ་གཙོ་བོ་དང་ཆུ་ཚད་མཐོ་བའི་དགེ་འོས་སློབ་གླིང་མིན་པའི་སློབ་གྲྭ་ཞུགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་དགེ་འོས་སློབ་གསོའི་མ་ལག་འཛུགས་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།