འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།《རྨང་གཞིའི་ཚན་རིག་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་
    བསམ་འཆར་འགའ་ཞིག་》པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་02ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་《རྨང་གཞིའི་ཚན་རིག་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་རྨང་གཞིའི་ཚན་རིག་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུར་བཀོད་སྒྲིག་བྱས་པ་རེད།
         《བསམ་འཆར་》ནང་བླང་བྱ་བཏོན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཚན་སློབ་རྒྱལ་དར་གྱི་འཐབ་ཇུས་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ། ཚན་རྩལ་ཉིད་ཐོན་སྐྱེད་ནུས་ཤུགས་དང་པོ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གསར་གཏོད་དེ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འཛམ་གླིང་ཚན་རྩལ་གྱི་མདུན་སར་དམིགས་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ། རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་ཞིབ་འཇུག་མཉམ་འདྲེས་གསར་གཏོད་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ། སྔ་བལྟས་ཕྱི་བསམ་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག་དང་སྣེ་ཁྲིད་རང་བཞིན་གྱི་གསར་རྩོམ་གྱི་གྲུབ་འབྲས་ལ་ཚད་བརྒལ་གལ་ཆེན་མངོན་འགྱུར་ཡོང་གང་ཐུབ་བྱེད་པ། གསར་གཏོད་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། གསར་གཏོད་རྣམ་པའི་རྒྱལ་ཁབ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འདེགས་སྐྱོར་ཤུགས་ཆེན་བྱེད་དགོས།
         《བསམ་འཆར་》ནང་རང་རྒྱལ་གྱི་རྨང་གཞིའི་ཚན་རིག་ཞིབ་འཇུག་གོམ་སྟབས་གསུམ་གྱི་ཐོག་ནས་བསྐྱོད་པའི་འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་བཏོན་དོན། དུས་རབས་འདིའི་དུས་དཀྱིལ་དུ་རང་རྒྱལ་དེ་ཉིད་འཛམ་གླིང་གི་ཚན་རིག་ལྟེ་གནས་དང་གསར་གཏོད་བྱེད་ས་གལ་ཆེན་དུ་བསྐྲུན་ནས་མ་རྩོམ་རང་བཞིན་གྱི་ཚན་རིག་གྲུབ་འབྲས་དང་རྒྱལ་སྤྱིའི་རྩེར་སོན་ཆུ་ཚད་ཀྱི་ཚན་རིག་དགེ་རྒན་ཆེ་མོ་བ་ཁག་གཅིག་ཐོན་པ་བྱས་ཏེ། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་ཧུར་ཐག་བསྐྲུན་ཆེད་ཚན་རིག་གི་འདེགས་སྐྱོར་གལ་ཆེན་བྱེད་དགོས་ཞེས་བཏོན་ཡོད།
         《བསམ་འཆར་》ནང་ཕྱོགས་ལྔའི་ཐད་ནས་རྨང་གཞིའི་ཚན་རིག་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་ལས་འགན་གཙོ་བོ་20བཏོན་པ་སྟེ། གཅིག་ནས་རྨང་གཞིའི་ཞིབ་འཇུག་གི་བཀོད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཉིས་ནས་ཆུ་ཚད་མཐོ་བའི་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་བྱེད་པ། གསུམ་ནས་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་དཔུང་ཁག་ཆེ་རུ་གཏོང་བ། བཞི་ནས་རྨང་གཞིའི་ཞིབ་འཇུག་གི་རྒྱལ་སྤྱི་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ལྔ་ནས་རྨང་གཞིའི་ཞིབ་འཇུག་འཕེལ་རྒྱས་ཀྱི་ལམ་སྲོལ་དང་ཁོར་ཡུག་ལེགས་སུ་གཏོང་བ་བཅས་སོ།།
      

    ཕྱོགས་བསྡུས་གསར་འགྱུར།