འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ནས་ཨ་རི་དང་ཨོ་སི་ཁྲུ་ལི་ཡས"ཀྲུང་གོའི་གསང་མྱུལ་གྱི་འཇིགས་སྐུལ་གླེང་
    བ"ནི་སེམས་ཀྱི་འཆར་སྣང་ཡིན་ལུགས་ཀྱི་ལན་སློག་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་02ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ཧྭ་ཁྲུན་དབྱིང་གིས་ཟླ་2ཚེས་1ཉིན་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག"སེམས་ཀྱི་འཆར་སྣང"ཞེས་པའི་ཚིག་ལ་བརྟེན་ནས་ཨ་རི་དང་ཨོ་སི་ཁྲུ་ལི་ཡའི་གསང་འཕྲིན་སྡེ་ཚན་གྱིས"ཀྲུང་གོའི་གསང་མྱུལ་གྱི་འཇིགས་སྐུལ་གླེང་བ"ཞེས་པར་ལན་བསློགས་པ་རེད།
         གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུད་ཀྱི་ཅུད་ཀྲང་ཧྥེང་ཕེ་ཨའོ་ཡིས་ཉེ་ཆར་BBCཆེད་མངགས་བཅར་འདྲི་དང་ལེན་ཞུ་དུས། ཀྲུང་གོས་ད་ལྟ་ཨ་རིའི་གསང་འཕྲིན་རྐུ་ཐབས་བྱེད་བཞིན་ཡོད་པ་མ་ཟད། ད་དུང་གོ་ལ་ཡོངས་སུ་གསང་བའི་ངང་ཀྲུང་གོའི་ཤུགས་རྐྱེན་བཟོ་བཞིན་ཡོད་ལུགས་བཤད་པ་རེད། གཞན་ཡང་། ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཀྱིས་ཀྱང་དེང་སྐབས་སྔོན་ཆད་བྱུང་མྱོང་མེད་པའི་སིམ་འཛུལ་དང་གསང་མྱུལ་གྱི་འཇིགས་སྐུལ་འབྱུང་བཞིན་ཡོད་པ་དང་། ཀྲུང་གོ་ནི་ཨོ་སི་ཁྲུ་ལི་ཡའི་གསང་འཕྲིན་སྡེ་ཚན་གྱིས"ཐལ་དྲག་འཇིགས་སྐུལ"གྲས་སུ་བརྩིས་ཡོད་པ་རེད།
         ཧྭ་ཁྲུན་དབྱིང་གིས། ང་རང་གིས་འབྲེལ་ཡོད་ཀྱི་གནས་འཕྲིན་ལ་དོ་སྣང་བྱུང་། དེ་འཕྲལ་ཀྲུང་གོའི་བཤད་སྟངས་ཤིག་དྲན་བྱུང་བ་དེ་ནི"སེམས་ཀྱི་འཆར་སྣང"ཟེར་བ་འདི་རེད། འདིའི་གོ་དོན་ནི་ཁྱེད་རང་གི་སེམས་ལ་གང་ཞིག་བསམས་པ་ན། སྣང་བར་འཆར་ཡུལ་ཡང་དེ་རང་ཡིན་པའི་དོན་རེད། དོན་སྙིང་འདིའི་ཐོག་ནས་བཤད་ན། འཛམ་གླིང་ཐོག་གི་གསང་འཕྲིན་འགོ་པ་ཆེས་ཤོས་ཀྱིས་སྐད་ཆ་འདི་ལྟར་བཤད་པར། ཡ་མཚན་རྒྱུ་གང་ཡང་མེད་པ་རེད་ཅེས་བརྗོད་པ་རེད། 
         ཁོང་མོས། དོན་དངོས་ནི་རྩོད་གླེང་ལས་རྒྱལ་ཐུབ་པ་རེད། ཉེ་བའི་ལོ་འགའི་རིང་ལ་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་འདྲ་མིན་ལས། འཛམ་བུ་གླིང་དུ་དོན་དངོས་ཐོག་རྒྱལ་ཁབ་གཞན་པའི་གནས་ཚུལ་ལྐོག་ཉན་དང་། ལྟ་སྐུལ་ཚོད་འཛིན། གསང་བ་གཡོ་ལེན། སིམ་འཛུལ་བཅས་བྱེད་པ་དང་། རང་གི་ཤུགས་རྐྱེན་ཐེབས་གང་ཐུབ་ཐེབས་པར་བྱེད་པའི་ཆེད་དུ་བྱེད་ཐབས་སྣ་ཚོགས་སྤྱོད་མཁན་སུ་ཞིག་ཡིན་པ་ཚང་མས་ཤེས་གསལ་ཡིན་ལུགས་བརྗོད་པ་རེད། 
         ཨོ་སི་ཁྲུ་ལི་ཡའི་གསང་འཕྲིན་སྡེ་ཚན་གྱིས་ཀྲུང་གོ"ཐལ་དྲག་འཇིགས་སྐུལ"གྲས་སུ་བརྩིས་པའི་སྐོར་ལ། ཧྭ་ཁྲུན་དབྱིང་གིས།  "གལ་ཏེ་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱི་མི་ཁ་ཤས་ཀྱིས་ལོ་རེར་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་འགྲོ་འོང་བྱེད་པའི་མི་ཁྲི་བརྒྱ་ཕྲག་དང་དེ་བཞིན་དུ་ཨོ་སི་ཁྲུ་ལ་ཡ་རུ་ཡོད་པའི་ཀྲུང་གོ་བ་དང་ཕྱི་སྡོད་ཀྲུང་གོ་བ་ཚང་མ་གསང་མྱུལ་ལ་ངོས་བཟུང་ན། དངངས་འཚབ་མི་ཡོང་བ་སྲིད་དམ"ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།