འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།སེམས་བཟང་ཅན་གྱིས་ཀུན་དགའ་ཆོས་འཕེལ་ཁྱིམ་གྱི་དཀའ་སྡུག་སེལ་རོགས་བྱས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་རག་སྟོད་ཤང་རུ་མ་གྲོང་ཚོའི་སྡེ་ཁུལ་དང་པོའི་ཀུན་དགའ་ཆོས་འཕེལ་གྱི་བཟའ་ཟླ་དབང་ཕྱུག་དཔལ་མོ་ཁྱིམ་གྱི་སྒོ་རྩར་ཉི་མ་སྲོ་བཞིན་འདུག ངོ་གདོང་འཚིག་རིལ་ཐེབས་ནས་ངོ་མདངས་ཤོར་བ་དང་གོམ་པ་རྒྱག་སྐབས་རྐང་པ་གྱོག་ཙམ་གྱོག་ཙམ་བྱེད་ཀྱི་ཡོད། དབང་ཕྱུག་དཔལ་མོའི་གམ་དུ་ཡོད་པ་ནི་ཁོ་མོའི་བུ་ཆུང་བ་སྐར་མ་ཆོས་འཕེལ་ཡིན་ཞིང་། ཁོ་པའི་རྐང་པར་སེང་རས་དཀྲིས་ཁར་འཁྲིས་སུ་འཁར་རྒྱུག་ཅིག་བཞག་འདུག སྐབས་དེ་དུས་ནང་གི་ཁྱིམ་བདག་ཀུན་དགའ་ཆོས་འཕེལ་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་དུ་ལུས་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ཉེ་དུས་པགས་ལྷན་རྒྱག་པའི་གཤགས་བཅོས་བྱེད་སྒང་རེད།
         རྒྱུ་རྐྱེན་ཅི་འདྲ་ཞིག་གིས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དེར་རྐྱེན་ངན་བར་ཆད་དེ་ལྟར་ཕྲད་པ་ཡིན་ནམ།
         ཀུན་དཀའ་ཆོས་འཕེལ་གྱི་ཁྱིམ་ཚང་ནི་རུ་མ་གྲོང་ཚོའི་དུད་ཚང་དབུལ་པོའི་གྲས་སུ་གཏོགས་ཤིང་། ཁོང་གཉིས་ལ་ཕྲུ་གུ་4ཡོད་པ་དང་ཁྱིམ་ཚང་གི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་3000ལས་ཟིན་གྱི་མེད་པ་དང་འབྲི་གཡག་མགོ་གྲངས་32ནི་ཁོང་ཚོར་དབང་བའི་རྒྱུ་ནོར་འབའ་ཞིག་དེ་རེད། མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པ་ལྟར། དཔྱིད་གསར་དུས་ཆེན་གོང་དུ་དཀའ་ངལ་ཡོད་པའི་ཁྱིམ་ཚང་དེར་མེ་སྐྱོན་ཆེན་པོ་ཞིག་ཐོན།
        དཔྱིད་གསར་དུས་ཆེན་ཤར་བར་ཟླ་བ་གཅིག་ལས་མེད་པའི་སྐབས། ཁྱིམ་ཚང་ཚང་མས་ལོ་གསར་གྱི་མཁོ་ཆས་ཉོ་བཞིན་ཡོད་པས་གྲོང་ཚོར་ལོ་གསར་གྱི་རྣམ་པས་ཁེངས། ཀུན་དགའ་ཆོས་འཕེལ་གྱིས་ཞོགས་ཟས་བཟོ་སྐབས་སྟབས་མ་ལེགས་པར་མེ་ཤོར་ནས་བཟའ་ཟླ་དབང་ཕྱུག་དཔལ་མོའི་ངོ་གདོང་དང་བརླ་ཤ་འཚིགས་པ་དང་། ཕྲུ་གུའི་རྒན་འགོ་བསམ་གཏན་བཟང་པོའི་ངོ་གདོང་འཚིགས་པ། བུ་ཆུང་བ་སྐར་མ་ཆོས་འཕེལ་གྱི་ལུས་པོ་མང་ཆེ་བ་འཚིགས་པའི་ཁར་བརྡབ་ཆགས་ཤོར་ནས་རུས་པ་ཡང་ཆག བཀྲ་མ་ཤིས་པའི་ཆག་སྒོ་དེ་ལྟ་བུ་ཞིག་ཁྱིམ་ཚང་ཕལ་པ་དེའི་མགོ་ཐོག་ཏུ་བབས།
         རུ་མ་གྲོང་ཚོ་ནི་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ཉེན་དོན་འགན་སྲུང་པུའི་དབུལ་སྐྱོར་རུ་ཁག་གི་གནས་གཏན་འཁེལ་གྱི་རོགས་སྐྱོར་གྲོང་ཚོ་ཡིན་པས། གནས་ཚུལ་དེ་ཤེས་རྗེས་ཞིང་ཆེན་སྤྱི་བདེ་ཐིང་གཞུང་ལས་ཁང་གིས་མི་དམངས་ཉེན་རྟོག་པ་དང་ཉེན་དོན་འགན་སྲུང་པུའི་ནང་ཁུལ་དུ་ཞལ་འདེབས་རྒྱག་ཏུ་བཅུག་པས་སྒོར་9000རག་པ་དེ་དག་འཕྲལ་མར་པགས་ལྷན་རྒྱག་པའི་གཤགས་བཅོས་བྱེད་བཞིན་པའི་ཀུན་དགའ་ཆོས་འཕེལ་ལ་སྤྲད་པ་རེད།
         དེ་རྗེས་དབུལ་སྐྱོར་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྨན་ཁང་དང་མཐུན་སྦྱོར་བྱས་ནས་ཀུན་དགའ་ཆོས་འཕེལ་གྱི་ཁྱིམ་དུ་བཟའ་ཟླ་དང་བུར་སྨན་བཅོས་བྱེད་པར་སྨན་པ་མངགས།
         མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་པུའི་དབུལ་སྐྱོར་རུ་ཁག་དང་ཞིང་ཆེན་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་སྨན་པས་ཡུལ་ཤུལ་ཀྲོའུ་རུ་འབྱོར་འཕྲལ་རུ་མ་གྲོང་ཚོར་བསྐྱོད་ཅིང་། ཁྱིམ་གྱི་སྒོ་རྩར་ཉི་མ་སྲོ་བཞིན་པའི་དབང་ཕྱུག་དཔལ་མོས་ཐག་རིང་ནས་རང་ཁྱིམ་གྱི་ཕྱོགས་སུ་རླངས་འཁོར་ཡོང་བ་མཐོང་སྐབས་དལ་བུར་ལངས་ནས་འཁྱར་འཁྱོར་ངང་མདུན་དུ་བསྐྱོད།
         ཞིང་ཆེན་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་འཚིག་རྨས་ཚན་ཁག་གི་སྨན་པས་དབང་ཕྱུག་དཔལ་མོའི་ངོ་གདོང་དང་བརླ་ཤ་འཚིག་སར་བརྟག་དཔྱད་ཞིབ་ཕྲ་བྱས་ཏེ་སྨན་བྱུགས་པ་རེད།
    བརྟག་དཔྱད་ཚར་རྗེས་ཀུན་དགའ་ཆོས་འཕེལ་གྱི་རྐང་པའི་རྨ་རས་བཀྲོལ་ནས་དྲག་སྐྱེད་བྱུང་མིན་བལྟས་པ་མ་ཟད། ཁོང་ལ་ངལ་གསོ་མང་ཙམ་རྒྱག་དགོས་པའི་མངགས་བྱ་ཡང་བྱས།
         དེ་རྗེས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་སྨན་པས་ཆམ་པའི་སྨན་དང་རྨ་སྨན་ཀུན་དགའ་ཆོས་འཕེལ་ལ་སྤྲད་པ་མ་ཟད། དབང་ཕྱུག་དཔལ་མོར་སྨན་གཏོང་སྟངས་ཀྱང་བསླབས། སྨན་ཕུད་ཁོང་ཚོས་འབྲས་དང་། གྲོ་ཞིབ། སྣུམ་བཅས་དང་དེ་བཞིན་འཚམས་འདྲིའི་དངུལ་ཡང་སྤྲད་པས། ཁོང་གིས་མཐེ་བོང་བསྒྲེངས་ནས་མིག་ལ་མཆི་ཞག་འཁོར་བཞིན་དུ་ཐུགས་རྗེ་ཆེ་ཞེས་ཞུས།
         ཕྲུ་གུའི་རྒན་འགོ་བསམ་གཏན་བཟང་པོར་ཡང་འཚིག་རྨས་ཕྲན་ཙམ་ཤོར་བ་ཤེས་རྗེས་དབུལ་སྐྱོར་རུ་ཁག་དང་སྨན་པ་ཚོས་འཕྲལ་དུ་རག་སྟོད་ཤང་ལྟེ་བའི་ཞག་སྡོད་སློབ་གྲྭར་བསྐྱོད་དེ་ཁོང་གི་རྨར་བལྟས་ནས་སྐྱོན་མེད་པ་ཤེས་རྗེས་གཞི་ནས་དེ་ག་ནས་ཁ་བྲལ།
         རུ་མ་གྲོང་ཚོར་བཅའ་སྡོད་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་པུའི་དབུལ་སྐྱོར་རུ་ཁག་གི་གྲོང་སྡོད་ལས་བྱེད་པས་ང་ཚོས་ཞིང་ཆེན་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་སྨན་ཁང་དང་མཐུན་སྦྱོར་བྱས་ཏེ། ཀུན་དགའ་ཆོས་འཕེལ་ལ་པགས་ལྷན་རྒྱག་པའི་གཤགས་བཅོས་ཚར་རྗེས། ཞིང་ཆེན་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་རྒྱུ་ཡིན་པས། ཁོང་ལ་དེ་བས་ལེགས་པའི་སྨན་བཅོས་ཐུབ་ནས་དྲག་སྐྱེས་ཐུབ་ངེས་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།