འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་བྱའི་ཐོན་ལས་གཉེར་ནས"དབུལ་སྒྲོལ་ཕུགས་འདུན"འགྲུབ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་15ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དགུན་དུས་ཀྱི་མཚོ་བོད་ས་མཐོ་གངས་དཀར་གྱིས་བཀླུབས་ཤིང་། རང་བྱུང་ཁམས་ཆེ་མོའི་མཛེས་ལྗོངས་པིར་གྱིས་བྲིས་པ་ལྟར་ལྟ་བས་མི་ངོམས། “འབྲས་བཟང་སྨིན་ལ་དགའ་སྤྲོས་མྱོས་པའི”དུས་ཚིགས་འདི་ལྟ་བུར་གནམ་ལོ་གསར་ཚེས་བསུ་བཞིན་པའི་བོད་ལྗོངས་གཞི་རྩི་གྲོང་ཁྱེར་ས་སྐྱ་རྫོང་ལ་བཀྲ་ཤིས་པའི་བྱ་བ་ཆེན་པོ་ཞིག་ཐོན་པ་དང་། བཀྲ་ཤིས་པའི་བྱ་བ་དེས་ས་སྐྱ་རྫོང་བྲག་མཇུག་ཤང་རྒྱལ་ཆུང་གྲོང་ཚོར་ཡང་དགའ་སྤྲོའི་རྣམ་པས་རབ་ཏུ་ཁེངས།
         དེ་ནི་གྲོང་མི་ཚོས་རེ་སྒུག་ཆེན་པོ་བྱེད་པའི་ས་སྐྱ་རྫོང་ཐེན་ཡུས་ཏན་ཧྥེང་བོད་བྱ་ཐོན་ལས་གླིང་གི་རྣམ་གྲངས་སྐྲུན་འགོ་ཚུགས་པས་རེད། རྣམ་གྲངས་དེས་མཚོ་བོད་ས་མཐོར་གཞི་ཁྱོན་ཆེ་ཤོས་དང་གསོ་ཚགས་ལག་རྩལ་གྱི་ཚད་གཞི་མཐོ་ཤོས་ཀྱི་དེང་རབས་ཅན་གྱི་སྣོད་བཅུད་གསོ་ཚགས་རྟེན་གཞི་ཞིག་བསྐྲུན་རྒྱུར་གཞོལ་རྒྱུ་མ་ཟད། ཐོན་ལས་སྐུལ་ཁྲིད་ཐད་ནས་ས་སྐྱ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་མ་ཡང་ཐེབས་རྒྱུ་ཡིན་པ་རེད།
         ས་སྐྱ་རྫོང་གི་འགན་འཁུར་བས“ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར། ས་སྐྱའི་ཚོགས་ཆུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག ང་ཚོས་བོད་ལྗོངས་ཐེན་ཡུས་ཞིང་ལས་མ་རྐང་ཚད་ཡོད་ཀུང་སི་དང་ལོ་གཅིག་ཙམ་གྱི་འབྲེལ་མཐུད་དང་། གྲོས་མོལ། རིགས་པས་ཁུངས་སྐྱེལ་བཅས་བྱས་པ་དང་། ཕྱོགས་གཉིས་པོའི་འབད་བརྩོན་འོག་མཐར་ས་སྐྱ་རྫོང་ཐེན་ཡུས་ཏན་ཧྥེང་བོད་བྱ་ཐོན་ལས་གླིང་འཛུགས་སྐྲུན་གྱི་རྣམ་གྲངས་གཏན་ལ་འཁེལ་བ་རེད། ཁེ་ལས་ཆེ་གྲས་དང་རྣམ་གྲངས་ཆེ་གྲས་ནང་འདྲེན་བྱས་པ་བརྒྱུད། ས་སྐྱའི་སྲོལ་རྒྱུན་གྱི་བཟོ་ཁང་ཆུང་ངུའི་གསོ་ཚགས་རྣམ་པར་འགྱུར་ལྡོག་བྱུང་ནས་ཐོན་ཁུངས་ཀྱི་གཞི་ཁྱོན་དང་ཕན་འབྲས་ཆེ་རུ་གཏོང་ཐུབ་རྒྱུ་མ་ཟད། ཁེ་ལས་ཀྱི་སྔོན་ཐོན་ལག་རྩལ་དང་བྲིན་ཚོང་འདུ་ཤེས་བརྒྱུད་ཡུལ་དེ་གའི་མིའི་བསམ་བློར་དེ་བས་ཤུགས་རྐྱེན་ཐེབས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བསམ་བློའི་རྨང་གཞི་འདིང་ཐུབ”ཅེས་བཤད།
         “བོད་ལྗོངས་ཀྱི་བྱའི་ཐོན་ལས་གླིང་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས་ང་ཚོས་ཞིང་དུད་520དང་ཐ་ན་གྲོང་མི་དེ་བས་མང་བར་བོད་བྱ་གསོ་ཚགས་བྱེད་དུ་འཇུག་པ་མ་ཟད། ཁོང་ཚོར་གསོ་ཚགས་རྩལ་ནུས་བསླབས་རྗེས་ཁྲོམ་རའི་རིན་གོང་ལས་མཐོ་བའི་སྒོ་ནས་བོད་སྒོང་ཉོ་རྒྱུ་ཡིན”ཞེས་བོད་ལྗོངས་ཐེན་ཡུས་ཞིང་ལས་མ་རྐང་ཚད་ཡོད་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས།
         ཤེས་རྟོགས་བྱུང་བར་གཞིགས་ན། ཤང་གྲོང་སྲིད་གཞུང་གིས་བཙུགས་པའི་བོད་བྱའི་མཉམ་ལས་ཁང་གི་ཁག་ཐེག་འོག་ཞིང་དུད་ཀྱིས་ཉིན་120སོང་བའི་བྱ་ཕྲུག་བསྙོལ་བའི་སྒོ་ང་དང་དེ་དག་ལ་འདང་ངེས་ཀྱི་སྐྱེ་ལྡན་གཟན་ཆག་རིན་པ་མི་དགོས་པར་ལེན་ཆོག་པ་དང་དུས་མཚུངས་བྱ་དེ་གསོ་ཚགས་ཀྱི་ཉེན་ཁར་འགན་བཅོལ་ཀྱང་བྱ་ཆོག ཞིང་དུད་ཀྱིས་མཉམ་ལས་ཁང་ལ་བྱ་ཚང་སྟབས་བདེ་སྐྲུན་རོགས་དང་གསོ་ཚགས་ཀྱི་རེ་བ་ལྟར་གསོས་ན་འགྲིག་པ་དང་། ཐོན་རྫས་དེ་དག་རྣམ་གྲངས་ཀུང་སིས་ཁྲོམ་རའི་རིན་གོང་ལྟར་ཉོ་རྒྱུ་ཡིན་པ་རེད།
         ཚེ་རིང་དགྲ་འདུལ་གྱིས་ས་སྐྱ་རྫོང་ཐེན་ཡུས་ཏན་ཧྥེང་བོད་བྱ་ཐོན་ལས་གླིང་གི་རྣམ་གྲངས་བསྐྲུན་ཡུལ་ལ་འཆར་འགོད་བྱས་ན་མུའུ་252.9ཡོད་པ་དང་བསྡོམས་མ་དངུལ་སྒོར་ཁྲི་10625.03བཏང་ཞིང་། རྣམ་གྲངས་དེའི་དུས་ཐེངས་དང་པོ་བསྐྲུན་ཟིན་རྗེས་སྔོན་དཔག་བྱས་ན་བོད་བྱ་གསོ་ཚགས་བྱེད་ཚད་ཁྲི་11དང་བཤས་གཏོང་ཚད་ཁྲི་22.2ཟིན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་70ཡི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་རྒྱུ་དང་། ལས་ཞུགས་ཐུབ་པའི་མི་སྣ་དབུལ་པོ་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.64ཟིན་ནས་ཉེ་འཁོར་གྱི་མང་ཚོགས་ལ་ཕན་པ་དངོས་ཐོབ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།