འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་ལ"རྒྱུད་གཅིག་ལམ་གཅིག"བསྐྲུན་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་11ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་རིམ་བཞིན་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཡོ་རོབ་དཔལ་འབྱོར་གྱིས་དེའི་ཁྲོད་ནས་རང་ངོས་གཏན་འཁྱོངས་ཡོང་བ་བྱེད་པའི་གོ་སྐབས་འཚོལ་བཞིན་ཡོད། ཟམ་པས་ལྷོ་བྱང་སྦྲེལ་བ་དང་། ལྕགས་ལམ་གྱིས་ཤར་ནུབ་སྦྲེལ་མཐུད་བྱས་པ། བཟོ་གྲྭ་མང་པོ་ཀྲོང་ངེར་འགྱིང་པ་སོགས་ལོ་བཞི་ཙམ་རིང་། སར་པི་ཡ། ཕོ་ལན། ཧང་ག་རི། ཀེ་རི་སེ། མར་ཐ། སེབ་རུ་སི། ཅེ་ཁེ་སོགས་ཡོ་རོབ་རྒྱབ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དཔལ་འབྱོར་ལ་འཕེལ་རྒྱས་བྱུང་བའང“རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་གོམ་སྟབས་མགྱོགས་སུ་ཕྱིན་པ་ལས་བྱུང་བ་ཞིག་ཡིན་པ་རེད།
         “ལྗིད་ཚད་ཏུན་ཁྲི་8ཟིན་པའི་རིམ་འདས་འཕྱོ་འགུལ་གྲུ་འཇོག་ས་དེ་ཀྲུང་གོ་ནས་ཐོན་ཏེ། 2018ལོའི་ཟླ་གཉིས་པར་པི་ཀང་གྲུ་ཁར་འབྱོར་རྒྱུ་རེད”ཅེས་གྲུ་ཁའི་ཡུལ་ལྗོངས་ཧྲིལ་པོ་མཐོང་ཐུབ་པའི་གཞུང་ལས་ཁང་ནས་ཀྲུང་གོ་ཐག་རིང་མཚོ་ཐོག་སྐྱེལ་འདྲེན་པི་ཀང་ཀུང་སིའི་སྤྱི་ཁྱབ་ལས་འཛིན་ཧྥུའུ་ཁྲེང་ཆིའུ་ཡིས་བཤད་ཅིང་། ཁོང་གིས“ང་ཚོར་པི་ཀང་གྲུ་ཁའི་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད”ཅེས་བཤད།
         ནུབ་ཕྱོགས་སྨྱན་སྦྱོར་གྱི་གསར་འགོད་པས“པི་ཀང་གྲུ་ཁ་དེ་ས་དབུས་རྒྱ་མཚོའི་ཐོག་གི་ལས་བྲེལ་ཆེ་ཤོས་ཀྱི་གྲུ་ཁ་ཞིག་ཏུ་འགྱུར་འདུག”ཅེས་ཧང་སངས་པའི་ངང་བཤད།
         ལྗང་མདོག་འཛམ་གླིང་མཉམ་དུ་བསྐྲུན་པས་ཀྲུང་གོ་དང་ཕོ་ལན་དབར་གྱི་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་སོང་ཡོད། 2016ལོར་ཀྲུང་གོའི་ཀོང་ཏ་རྒྱལ་སྤྱི་ཀུང་སིས་ཡོ་རོབ་སྒོར་མོ་དུང་ཕྱུར་1.23བཏང་ནས་ཕོ་ལན་གྱི་ཆེ་ཤོས་ཡིན་པའི་ཟོག་རོ་གཙང་སེལ་ཀུང་སི་ནོ་ཝ་ཀེ་ཉོས་པ་དེ་ད་ཆ་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཕོ་ལན་དུ་མ་དངུལ་སྤྲོད་ཐེངས་གཅིག་གིས་ཉོས་པའི་དངུལ་འབོར་གཏོང་མང་ཤོས་ཀྱི་རྣམ་གྲངས་ཤིག་ཡིན་པ་རེད།
         ཅེ་ཁེས་རྟེན་འབྲེལ་མཚོན་ཆེད་ཀྱི་རྨིག་ལྕགས་གཅིག་སྤྲད་ནས་ཀྲུང་གོའི་ཁེ་ལས་ལ་སྨོན་འདུན་བཟང་པོ་ཞུས་པ་རེད། 2015ལོར་ཅེ་ཁེའི་ཙུང་ཐུང་ཙེ་མན་གྱིས“དམིགས་བསལ་གྱི་ལག་རྟགས”འདི་ཅེ་ཁེར་མ་འཇོག་བྱེད་པར་ཡོང་བའི་ཀྲུང་གོའི་ཧྭ་ཤིང་ལ་སྤྲད་ནས་ཧྭ་ཤིང་གི་བྱ་གཞག་ཡུན་གནས་ཡོང་བར་སྨོན་འདུན་ཞུས་ཤིང་། ད་བར་ཀྲུང་གོའི་ཧྭ་ཤིང་གིས་ཅེ་ཁེར་མི་དམངས་ཤོག་སྒོར་དུང་ཕྱུར་140བཏང་བ་དང་ས་གནས་དེ་གར་ལས་གནས་5000ལྷག་མཁོ་འདོན་བྱས་ཡོད།
         “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ལས་ཡོ་རོབ་ཀྱི་རྒྱལ་ཁབ་མི་ཉུང་བ་ཞིག་གི་མི་དམངས་ཀྱི“ཐོབ་ཚོར”ཆེ་རུ་སོང་ཡོད།
         འདི་ལོ་ལོ་60ལ་སླེབས་པའི་ཝ་མུའུ་ཝ་ཅི་ཏི་སི་ནི་ཀྲུང་གོ་ཐག་རིང་མཚོ་ཐོག་སྐྱེལ་འདྲེན་ཀུང་སིས་པི་ཀང་གྲུ་ཁར་ཀེ་རི་སེའི་ལས་མི་1500གླས་པའི་ཁྲོད་ཀྱི་གཅིག་ཡིན། ཁོང་གིས“ཐོག་མར་ཀྲུང་གོས་མ་འཇོག་བྱེད་སྐབས་ས་གནས་འདི་གའི་མིའི་ལྟོ་ཕོར་གཅོག་རྒྱུ་ཡིན་པའི་སེམས་ཁྲལ་བྱུང་ཡང་། ལོ་གསུམ་སོང་རྗེས་འདི་ལྟ་བུའི་སེམས་ཁྲལ་མེད་པ་ཆགས་སོང”ཅེས་བཤད།
         ཀེ་རི་སེའི་དཔལ་འབྱོར་དང་བཟོ་ལས་ཞིབ་འཇུག་ཁང་གིས་སྙན་ཞུ་ཞིག་ཁྱབ་བསྒྲགས་བྱས་ནས་2025ལོར་སླེབས་སྐབས། པི་ཀང་གྲུ་ཁའི་རྣམ་གྲངས་ཀྱིས་ཀེ་རི་སེའི་ནོར་སྲིད་ལ་ཡོ་རོབ་སྒོར་མོ་དུང་ཕྱུར་4.747མང་དུ་འགྲོ་རྒྱུ་དང་ལས་ཞུགས་ལས་གནས་ཁྲི་3.1གསར་འཕར་ཡོང་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད།
         2016ལོའི་ཟླ་4པར་ཀྲུང་གོའི་ཧོ་པེ་ངར་ལྕགས་ཚོགས་པས་སར་པི་ཡའི་སི་མའེ་ཏེ་ལའེ་ཨའོ་ངར་ལྕགས་བཟོ་གྲྭ་ཉོས་པ་དང་། ལོ་དེའི་ཟླ་12པར་བཟོ་གྲྭ་དེར་ཁེ་སྤོགས་ཆེན་པོ་བྱུང་སྟེ་ལོ་བདུན་བསྟུད་མར་གྱོང་གུན་ངང་གནས་པའི་རྣམ་པར་འགྱུར་ལྡོག་བྱུང་ནས་ཐོན་འབོར་དང་བྲིན་འབོར་གཉིས་ཀ་མཐོ་རུ་སོང་བ་དང་བཟོ་པའི་གླ་ཕོགས་ཀྱང་བརྟན་པོའི་ངང་འཕར་ཐུབ་པ་བྱུང་ཡོད།
         “ང་ལིའུ་ཀུང་རུའེ་སི་ཐ་ཀུང་སིར་ལས་ཀ་བྱས་ནས་ལོ་35ཕྱིན་སོང”ཞེས་ལིའུ་ཀུང་རུའེ་སི་ཐ་ཀུང་སིའི་ལག་རྩལ་རིགས་གཅིག་མཁས་པ་པེ་ལི་ཁྲ་ཡིས་སྤོབས་པ་ཆེན་པོའི་ངང་བཤད། ཀྲུང་གོའི་ཀོང་ཤིས་ལིའུ་ཀུང་འཕྲུལ་ཆས་ཀུང་སིས་ཕོ་ལན་ལ་མ་དངུལ་བཏང་ནས་ལོ་ལྔ་ལས་འགྲོ་ཡི་མེད་ཀྱང་། དེ་གའི་ལས་མི་མི་ཉུང་བ་ཞིག་གིས་ཀུང་སི་དེ་རང་ཉིད་ཀྱི་ཁྱིམ་དུ་བརྩི་བཞིན་ཡོད།
         ལིའུ་ཀུང་རུའེ་སི་ཐ་ཀུང་སིས་ས་གནས་དེ་གར་ལས་ཞུགས་ལས་གནས་1200ལྷག་མཁོ་འདོན་བྱས་པ་དང་། འདས་པའི་ལོ་བཞིའི་རིང་ཕོ་ལན་ལ་དཔྱ་ཁྲལ་སྣ་ཚོགས་མི་དམངས་ཤོག་སྒོར་ལ་ཕབ་ན་ཧ་ལམ་སྒོར་དུང་ཕྱུར་4.5ལེགས་སྐྱེས་ཕུལ་ཡོད། ཕོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚོང་དོན་ཚན་ཙན་ལིའུ་ལི་ཅོན་གྱིས་ད་ཆ་ཀྲུང་གོའི་ཁེ་ལས་ཀྱིས་ཕོ་ལན་ལ་ལས་ཞུགས་ལས་གནས་ཁྲི་1.5མཁོ་འདོན་བྱས་པའི་ནང་80%ཡན་ནི་ཕོ་ལན་གྱི་ལས་མི་རེད་ཅེས་ངོ་སྤྲོད་བྱས།
         ཀྲུང་གོའི་ཁེ་ལས་ཀྱིས་པལ་ཀེ་རེ་ཏེའི་ཏོ་ནོ་གཙང་པོ་སྒྲོལ་བའི་ཕུ་ཕིང་ཟམ་ཆེན་སྐྲུན་འགན་ཁུར་བ་ནས་ཧྲང་ཧའེ་གློག་ཤུགས་ཀུང་སིས་མར་ཐ་དང་ནུས་རྒྱུའི་རྣམ་གྲངས་ཐད་མཉམ་ལས་བྱས་པའི་བར་དང་། ཨེ་ཤེ་ཡ་དང་ཡོ་རོབ་སྐམ་སར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་འཕུར་རྒྱུག་བྱས་པ་ནས་ཐད་ཀར་ས་དབུས་རྒྱ་མཚོར་སླེབས། མཚོ་ཐོག་དར་གོས་ལམ་བུའི་ཐག་རིང་མཚོ་འགྲུལ་གྲུ་གཟིངས་བར་སོགས་ཀྲུང་གོ་དང་ཡོ་རོབ་དབར་མཉམ་ལས་བྱེད་ཁྱོན་ཇེ་ཆེར་འགྲོ་བ་དང་ཆབས་ཅིག་ལས་ཞུགས་ཀྱི་གོ་སྐབས་ཀྱང་ཇེ་མང་དུ་ཕྱིན་ནས་མི་སེར་དཀྱུས་མ་མང་དག་ཅིག་གི་འཚོ་བར་ལེགས་བཅོས་མངོན་གསལ་དོད་པོ་འབྱུང་བཞིན་ཡོད་པ་རེད།
         ཀེ་རི་སེའི《རྩོམ་སྒྲིག་པའི་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཝ་ལི་ལའེ་སིས་ད་བར་ཀེ་རི་སེ་དེ་2008ལོའི་དངུལ་རྩའི་ཉམས་ཉེན་གྱི་གནས་ལས་ཡོངས་སུ་སྒྲོལ་ཐུབ་མེད་པ་དང་། ཉམས་ཉེན་རྗེས་ཀྱི་ཀེ་རི་སེའི་སྲིད་གཞུང་སྐབས་རིམ་བྱུང་གཉིས་ཀྱིས་ཉམས་ཉེན་ལས་མགྱོགས་མྱུར་བྱུང་རྒྱུའི་རེ་བ་བྱེད་པ་དང་། ཀྲུང་གོ་ཐག་རིང་མཚོ་ཐོག་སྐྱེལ་འདྲེན་ཀུང་སི་དང་མཉམ་ལས་བྱེད་པ་ནི་ཉམས་ཉེན་དེ་ལས་གང་མགྱོགས་ཐར་ཆེད་འབད་བརྩོན་བྱས་པའི་ཆ་ཤས་ཤིག་རེད། ཀྲུང་གོ་དང་ཀེ་རི་སེའི་དབར་མཉམ་ལས་བྱས་པ་དེས་ཀེ་རི་སེར་ཕན་པ་ཡོད་ལ་ཕྱོགས་གཉིས་པོར་ཡང་ཕན་པ་ཡོང་རྒྱུ་རེད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།