འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གསོའི་འཕེལ་རྒྱས་
    ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་11ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གྲྭ་གཉེར་བར་སྐུལ་ལྕག་བྱས་ཏེ་ནང་སོག་གི་དམངས་གཉེར་སློབ་གསོའི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་《སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གསོ་འཕེལ་རྒྱས་བཏང་སྟེ་དམངས་གཉེར་སློབ་གསོའི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར་》བཀྲམ་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། 《ལག་བསྟར་བསམ་འཆར་》ནང་དམངས་བཙུགས་སློབ་གྲྭས་(དམངས་བཙུགས་བུ་བཅོལ་ཁང་དང་། དེ་མིན་གྱི་དམངས་བཙུགས་སློབ་གསོའི་སྒྲིག་གཞི་ཚུད)ཁེ་གཉེར་རང་བཞིན་མིན་པ་དང་ཁེ་གཉེར་རང་བཞིན་ཡིན་པ་རིགས་ཕྱེ་ནས་དོ་དམ་བྱེད་དགོས། ཁེ་གཉེར་རང་བཞིན་ཡིན་པའི་དམངས་བཙུགས་སློབ་གྲྭ་འཛུགས་མཁན་ལ་སློབ་གཉེར་ཁེ་ཕན་མི་ཐོབ་པ་དང་། སློབ་གཉེར་ལྷག་དངུལ་ཡོངས་རྫོགས་སློབ་གཉེར་ཐད་སྤྱོད་དགོས། ཁེ་གཉེར་རང་བཞིན་གྱི་དམངས་བཙུགས་སློབ་གྲྭ་འཛུགས་མཁན་ལ་སློབ་གཉེར་ཁེ་ཕན་ཐོབ་ཆོག་པ་དང་། སློབ་གཉེར་ལྷག་དངུལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་བགོ་བཤའ་རྒྱག་དགོས་ཞེས་བཏོན་ཡོད།
         《ལག་བསྟར་བསམ་འཆར་》ནང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སློབ་གསོར་ཞུགས་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འགོག་བྱས་པ་དང་དེ་བཞིན་ཕྱོགས་གསུམ་པའི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་ལ་མི་གནོད་པའི་ཁྱབ་ཁོངས་སུ་གཏོགས་ཕྱིན་སྲིད་གཞུང་གིས་ཚོད་འཛིན་བྱ་མི་ཆོག དེ་དང་དུས་མཚུངས་དམངས་བཙུགས་སློབ་གྲྭའི་གྲོན་དངུལ་བསྡུ་བའི་ཐད་ཁྲོམ་རའི་སྙོམས་སྒྲིག་རིན་གོང་བཞིན་བསྡུ་དགོས་པ་དང་། ཞིབ་ཕྲའི་གྲོན་དངུལ་བསྡུ་བའི་ཚད་གཞི་སློབ་གྲྭས་རང་བརྟེན་གཏན་འཁེལ་བྱས་ནས་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱས་རྗེས་བཅའ་ཁྲིམས་དང་ཁྲིམས་སྲོལ་བཞིན་ལག་བསྟར་བྱེད་དགོས། དེ་དང་ཆབས་ཅིག་ཐབས་ལམ་མང་པོ་བརྒྱུད་ནས་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་ལེན་ལ་སྐུལ་ལྕག་བྱས་ཏེ་དམངས་བཙུགས་སློབ་གྲྭའི་སློབ་གཉེར་མ་དངུལ་གྱི་ཡོངས་ཁུངས་རྒྱ་ཆེར་གཏོང་དགོས། དམངས་བཙུགས་སློབ་གྲྭས་སློབ་གཉེར་བྱེད་མཚམས་འཇོག་སྐབས་བཅའ་ཁྲིམས་དང་ཁྲིམས་ལུགས་ཀྱི་བརྒྱུད་རིམ་ལ་ནན་པོར་གཞིགས་ནས་ཞིབ་རྩིས་དང་བཀོད་སྒྲིག་ཇུས་གཞི་བཏོན་ཏེ་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱེད་པའི་འགན་ལེན་བྱེད་དགོས་ལུགས་ཁ་གསལ་བཟོས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།