འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེས་གྲོང་གསེབ་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཁྱབ་
    གདལ་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་11ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཞིང་ཆེན་ཡོངས་ཀྱིས་2019ལོར་གྲོང་གསེབ་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་དང་འབྲེལ། 2021ལོའི་ལོ་མཇུག་ཏུ་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་གསེབ་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་ཆེད། ཧོ་པེས་གྲོང་གསེབ་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ས་ཚིགས་ཁག་གཅིག་གཏན་འཁེལ་བྱས་པ་དང་། གཙོ་བོ་རིགས་གཉིས་སུ་ཕྱེ་ཡོད་པ་སྟེ། རིགས་གཅིག་ནི་ཞིང་ལས་པུའུ་དང་ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་དོན་ཁང་གིས་འདི་ལོ་གསར་དུ་གཏན་འཁེལ་བྱས་པའི་ཚོད་ལྟའི་རྫོང་4ཡིན་པ་དང་། རིགས་གཞན་ཞིག་ནི་ཞིང་ཆེན་དེས་གཏན་འཁེལ་བྱས་པའི་ཚོད་ལྟའི་རྫོང་11རེད། ཚོད་ལྟའི་ས་ཚིགས་ཀྱི་ལས་དོན་ལེགས་སྒྲུབ་བྱེད་པའི་གཅིག་གྱུར་དུས་བཀག་ནི་2018ལོའི་ལོ་མཇུག་བར་རེད།
         དེ་གོང་ལོ་མང་རིང་གསོག་འཇོག་བྱས་པ་བརྒྱུད་ཧོ་པེའི་གྲོང་གསེབ་ཀྱིས་མཉམ་སྡེབ་རྒྱུ་ནོར་འབོར་ཆེན་བསགས་ཡོད་ཅིང་། མིག་སྔར་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་མཉམ་སྡེབ་ཀྱི་རིན་ཐང་ཚད་འཇལ་ཆོག་པའི་རྩིས་ཐོའི་ཐོག་གི་རྒྱུ་ནོར་བསྡོམས་འབོར་དུང་ཕྱུར་880ལྷག་ཙམ(མཉམ་སྡེབ་ཁེ་ལས་ཚུད་མེད)ཟིན། རིན་ཐང་ཚད་འཇལ་བྱས་མེད་པའི་ས་ཞིང་གཙོ་བོར་བྱེད་པའི་མཉམ་སྡེབ་ལ་དབང་བའི་ཐང་རྒོད་དང་། ནགས་ཚལ། ལྡུམ་ར། བེད་མེད་ས་ཆ་སོགས་ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་གྱི་གྲངས་འབོར་ཆེན་པོ་ཡོད་པ་དང་མཉམ་སྡེབ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆ་ཁོ་ནར་མུའུ་ཁྲི་4000ཡན་ཟིན་ཡོད། དུས་ཡུན་རིང་པོའི་ནང་གྲོང་ཚོ་མཉམ་སྡེབ་ཀྱིས་གཅིག་གྱུར་གཉེར་སྐྱོང་བྱས་པའི་རྒྱུ་ནོར་ཐོན་ཁུངས་དེ་དག་གཞི་གྲངས་གསལ་པོ་མེད་པ་དང་། བདག་དབང་གི་འབྲེལ་བ་གསལ་པོ་མེད་པ། བྱེད་པོ་དཀོན་པ། གཉེར་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ་བཅས་ཀྱི་དབང་གིས་གནས་ཐང་འཕར་དཀའ་བ་མ་ཟད། མ་རྩ་ཤོར་བའི་གནད་དོན་མང་པོ་ཞིག་ཀྱང་ཡོངས་ཁྱབ་ངང་ཐོན་ཡོད་པ་རེད།
          གནད་དོན་དེ་དག་ལ་དམིགས་ནས་ད་ཐེངས་ཧོ་པེས་གྲོང་གསེབ་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ནང་དོན་གལ་ཆེན་དང་ཕྱོགས་ཡོངས་ནས་གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཏུ་བརྩིས་པ་རེད། སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་རྒྱུ་རྫས་གཙང་བཤེར་དང་མ་རྩར་ཞིབ་རྩིས་རྒྱག་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁོངས་མིའི་ཐོབ་ཐང་གཏན་འཁེལ་བྱེད་པ། གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཐོན་ཁུངས་རང་བཞིན་གྱི་མཉམ་སྡེབ་རྒྱུ་ནོར་མ་རྐང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཞིང་པར་སྤྲད་པའི་མཉམ་སྡེབ་རྒྱུ་ནོར་མ་རྐང་དབང་ནུས་འཚོལ་ཞིབ་བྱེད་པ་སོགས་འགག་རྩའི་ལྷུ་ཚིགས་ལྔར་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱས་ནས་ཚོད་ལྟའི་ས་ཚིགས་ཀྱི་དམིགས་ཚད་གསལ་པོ་བཟོ་བ་དང་། སྒྱུར་བཅོས་ཚོད་ལྟའི་ས་ཚིགས་ཀྱི་ལས་འགན་ཞིབ་ཕྲ་བཟོ་བ། སྒྱུར་བཅོས་ཚོད་ལྟའི་ས་ཚིགས་ཀྱི་གྲུབ་འབྲས་བཀོལ་སྤྱོད་ཡག་པོ་བྱེད་པ་བཅས་ཀྱི་གཙོ་གནད་གསུམ་ཁོང་དུ་ཆུད་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།