འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།གཞུང་ལམ་ཇི་ཙམ་ཡངས་ན། ང་ཚོའི་འཚོ་བ་དེ་ཙམ་སྐྱིད།

    ཕ་ཁི་སི་ཐན་དུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ཞུད་ཝུའེ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཀེ་ཀྲོའུ་ཆུ་རགས་ཚོགས་པས་སྐྲུན་འགན་འཁུར་བའི་ཕ་ཁི་སི་ཐན་གྱི་E35མྱུར་བགྲོད་གཞུང་ལམ་གྱི་ལམ་དུམ་དང་པོ་དང་གཉིས་པར་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་ཉིན་ཤས་གོང་རྒྱལ་ཁབ་དེའི་ནུབ་བྱང་རྒྱུད་ཀྱི་ཁའེ་པོར—ཕུའུ་ཧྲེ་ཐུའུ་ཞིང་ཆེན་གྱི་ཧོ་ལི་པུར་ས་ཁུལ་དུ་འཚོགས་ཤིང་། E35མྱུར་བགྲོད་གཞུང་ལམ་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་འབྲེལ་མཐུད་ཀྱི་དཔལ་འབྱོར་བར་ཁྱམས་འགྲིམ་འགྲུལ་གཞུང་ལམ་ཨ་མའི་འགྲོ་ལམ་གཙོ་བོའི་གྲས་ཤིག་རེད། ཕ་ཁི་སི་ཐིན་གྱི་ཙུང་ལི་ཨཱ་པཱ་ཞི་མཛད་སྒོར་ཕེབས་པ་མ་ཟད་རླངས་འཁོར་ཤར་གཏོང་ཐུབ་པའི་སྒོ་བྱང་ཕྱེ་བ་དང་འབྲེལ། ཀྲུང་གོས་ཕ་ཁི་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ནས་E35མྱུར་བགྲོད་གཞུང་ལམ་ལས་གྲྭས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་རྒྱུ་དང་ཕ་ཁི་སི་ཐན་བྱང་རྒྱུད་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་མ་ཟད། ས་གནས་དེ་གའི་དམངས་ཚོགས་ཁྲི་10ཙམ་ལ་ཕན་པ་ཐོབ་རྒྱུ་རེད་ཅེས་བཤད།
         ཧོ་ལི་པུར་ནས་ཡིན་པའི་ཕ་ཁི་སི་ཐན་གྱི་ཕོ་གཞོན་ཨཱ་ཕུའུ་ཏུའུ་ལཱ་ཡིས་གཞུང་ལམ་E35བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པར་དགའ་ཚོར་སྐྱེ་བཞིན་དུ་གསར་འགོད་པར“ངས་གཞུང་ལམ་འདིའི་འཛུགས་སྐྲུན་འཕེལ་རྒྱས་ལ་རྟག་ཏུ་དོ་སྣང་བྱེད་ཀྱི་ཡོད། ད་ཆ་གཞི་ནས་རླངས་འཁོར་ཤར་གཏོང་ཐུབ་སོང་བས་ཧ་ཅང་དགའ་པོ་བྱུང་། གཞུང་ལམ་ཇི་ཙམ་ཡངས་ན་ང་ཚོའི་འཚོ་བ་དེ་ཙམ་སྐྱིད”ཅེས་བཤད།
         མྱུར་བགྲོད་གཞུང་ལམ་E35དེ་རྒྱལ་ས་དབྱི་སི་ལམ་པོ་དང་པའེ་ཧྲ་ཝ་ཡི་གོང་གི་ཧ་སང་ཨ་ཕུའུ་ཏུའུ་ལེ་གྲོང་ཁྱེར་ནས་མཐའ་མའི་བབས་ཚུགས་བྱང་རྒྱུད་ཀྱི་ཧོ་ཝེ་ལི་དབྱང་བར་ཡིན་པ་དང་། ཁྱོན་ལམ་ཚད་སྤྱི་ལེ་60ཡོད། ད་རེས་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་དུམ་དང་པོ་དང་གཉིས་པའི་ལམ་དུམ་གཙོ་བོའི་ལམ་ཚད་ཧྲིལ་པོར་ཁྱོན་སྤྱི་ལེ་39.6ཡོད་པ་དང་ཀྲུང་གོ་ཀེ་ཀྲོའུ་ཆུ་རགས་ཚོགས་པས་བསྐྲུན་པ་ཞིག་རེད། གཞུང་ལམ་དེ་བསྐྲུན་རྗེས་བྱང་རྒྱུད་ཀྱི་ཧོ་ཝེ་ལི་དབྱང་ནས་ཕ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལམ་པོའི་བར་གྱི་ལམ་ཐག་ཐུང་དུ་འགྲོ་རྒྱུ་དང་དམངས་ཚོགས་ཕྱིར་སྐྱོད་ལ་སྟབས་བདེ་ཡོང་རྒྱུ་རེད།
         ཕ་ཁི་སི་ཐན་གྱི་མྱུར་བགྲོད་གཞུང་ལམ་E35ཡི་ལམ་དུམ་དང་པོ་དང་གཉིས་པར་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ཀྲུང་གོ་དང་ཕ་ཁི་སི་ཐན་དབར་གྱི་དཔལ་འབྱོར་བར་ཁྱམས་ཀྱི་འཆར་འགོད་ནང་ཕ་ཁི་སི་ཐན་གྱི་གཞུང་ལམ་ཨ་མ་བསྐྲུན་རྒྱུ་དང་། ཀྲུང་གོ་དང་མཉམ་འབྲེལ་མཉམ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་ཀྱི་དམིགས་ཚད་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་གོམ་སྟབས་ཆེན་པོ་སྤོས་པ་མཚོན་གྱི་ཡོད། ཀྲའོ་ལི་ཅན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ནི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་གྱི་རྨང་གཞིའི་རང་བཞིན་དང་སྔོན་འགྲོའི་རང་བཞིན་གྱི་ཆ་རྐྱེན་ཞིག་དང་། ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིད་སྟོན་དང་སྣེ་ཁྲིད་བྱས་ནས་ཀྲུང་ཕའི་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་དང་ཕྱོགས་ཡོངས་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བཅས་ཀྱི་ཁྱབ་ཁོངས་གལ་ཆེན་ཞིག་རེད། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཀྲུང་གོ་དང་ཕ་ཁི་སི་ཕན་དབར་གྱི་ཚོང་དོན་འགྲོ་འོང་དང་། མི་སྣ་འགྲོ་སྐྱོད། ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་དགོས་མཁོ་སྐོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། བར་ཁྱམས་བསྐྲུན་རྒྱུ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དེས་ཀྲུང་གོ་དང་ཕ་ཁི་སི་ཕན་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་མ་ཐེབས་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།