འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཁ་གྲོང་ཁྱེར་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་གྱི་འགག་
    སྒོ་ཆེན་པོ་ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 16:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་བཟོ་ལས་དང་ཆ་འཕྲིན་ཅན་ཅུས་(གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་)ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་10889.07ཟིན་ཡོད་པས། སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་བརྒལ་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་ལག་ཤེས་ཐོན་ལས་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐྱེད་སྲིང་དང་སློབ་སྟོན་ཤུགས་ཆེན་བྱས་ནས་ཐོན་རྫས་ཀྱི་འགྲན་རྩོད་བྱེད་ནུས་དང་ཁྲོམ་ར་ཐོབ་སྐལ་ཆེ་རུ་འབད་བརྩོན་ཆེན་པོ་བཏང་བ་རེད། ཁེ་ལས་(མཉམ་ལས་ཁང་)ཀྱིས་འཚོ་བའི་སྤྱོད་སྒོ་ཆེ་བ་དང་། ཡུལ་སྐོར་སྤྲོ་གསེང་། རིག་གནས་བཅས་ཀྱི་ཐོན་ལས་དང་མཉམ་འདྲེས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཏེ"ཟླ་བ་སྒྲོལ་མ"བོད་ཆས་དང"ཚེ་རིང་སྐྱིན་ཁེབས"གསེར་སྐུད་ཞྭ་མོ། "ཨ་ཆོས"བོད་ལུགས་ལག་བཟོས་ཁུག་མ། "སྨིན་གྲོལ་གླིང་སྤོས་མཆོག"བོད་སྤོས། "མཁར་ལྟག"བོད་གྲི་སོགས་ཐོན་རྫས་སྤུས་རྟགས་གྲགས་ཅན་འབོར་ཆེན་ཞིག་བཟོས་པ་རེད། ཁེ་ལས་ཀྱིས་བོད་ལྗོངས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པོའི་རིག་གནས་དང་ཕན་ཚུན་མཉམ་འདྲེས་བྱེད་པར་ཁྲིད་སྟོན་བྱས་ནས་ཐོན་རྫས་ལ་རིག་གནས་ཀྱི་ནང་དོན་གཏིང་ཟབ་དང་ཡིད་དབང་འཕྲོག་ཤུགས་སྤྲད་དེ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་ཆེར་གཏོང་གི་ཡོད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་མི་རིགས་ལག་ཤེས་བཟོ་ལས་ཁེ་ལས་ཆེར་སྐྱེད་དྲག་སྐྱེད་གཏོང་རྒྱུར་བསྔགས་སྐུལ་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་བཟང་བ་དང་ཁྲིད་སྟོན་བྱེད་ནུས་ཆེ་བའི་མཉམ་ལས་ཁང་བཅོས་བསྒྱུར་བྱས་ནས་ཀུང་སི་འཛུགས་རྒྱུར་ཁྲིད་སྟོན་བྱེད་ཀྱི་ཡོད་པ་རེད། ཁེ་ལས་ལ་ཐོན་རྫས་འགྲེམས་ཚོང་ལས་སྟེགས་བསྐྲུན་ཏེ་ཁེ་ལས་ཀྱི་སྤུས་རྟགས་ཐོན་རྫས་ཀྱི་སྐད་གྲགས་ཁྱབ་ཚད་དང་ཚོང་ར་བཟུང་ཚད་མཐོ་རུ་གཏོང་བ་དང་། ཆེད་ལས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་འདེགས་བྱས་ཡོད་པ་རེད། མིག་སྔའི་བར་དུ་གྲོང་ཁྱེར་ཡོངས་ལ་མི་རིགས་ལག་ཤེས་བཟོ་ལས་ཁེ་ལས་(མཉམ་ལས་ཁང་) 117ཡོད་ཅིང་། དེའི་ནང་ཁེ་ལས་36དང་།  ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་81ཡོད་ལ། ཐོན་རྫས་རིན་ཐང་སྒོར་ཁྲི་10889.07ཟིན་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་20.22%འཕར་བ་དང་། ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་9145.39ཟིན་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་14.96%འཕར་བ། ཁེ་སྤོགས་སྒོར་ཁྲི་3099.03ཟིན་ཞིང་། ལོ་གོང་མའི་དུས་མཉམ་དང་བསྡུར་ན་5.8%འཕར་བ། གོང་འབུལ་ཁྲལ་དངུལ་སྒོར་ཁྲི་92.17ཟིན་པ། ལས་ཞུགས་མི་སྣ་2431ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།