འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་དངོས་ཕྱིར་སྤོ་དང་མུའུ་ཆིག་སྟོང་ཟིན་པའི་མེ་ཏོག་ཞིང་ས་བསྐྲུན་ནས་རྒྱལ་རྩེའི་གནའ་
    གྲོང་མཛེས་ལྗོངས་ཁུལ་རྩེ་གྲ་གསར་སྤེལ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན། 2018ལོའི་བོད་ལྗོངས་རྒྱལ་རྩེ་རྗོང་གི"མཁར་རྫོང་གཞིས་ཀ གནས་མཆོག་རྒྱལ་རྩེ"ཞེས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ་རེད།
         རྒྱལ་རྩེ་ནི་རྒྱལ་པོའི་མཁར་གྱི་རྩེ་མོའི་དོན་རེད། བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་དང་། གཞིས་རྩེ་གྲོང་ཁྱེར་གྱི་ཤར་རྒྱུད། མྱང་ཆུའི་སྟོད་རྒྱུད་དུ་ཆགས་ཡོད། རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་དང་རྒྱལ་ཡོངས་ཀྱི་ཞིང་ལས་སྟོབས་ཆེན་རྫོང་བརྒྱའི་གྲས་ཡིན། སྐད་གྲགས་ཆེ་བའི"དཔའ་བོའི་གྲོང"དང"བོད་ལྗོངས་ཀྱི་འབྲུ་མཛོད"  "ཁ་གདན་གྱི་ཕ་ས"བཅས་པའི་མཚན་སྙན་ཡོད་པ་རེད།
         རྒྱལ་རྩེ་རྫོང་དུ་རྫོང་རིའི་དབྱིན་འགོག་གནའ་ཤུལ་དང་ཕ་ལྷ་གཞིས་ཀ  དཔལ་འཁོར་ཆོས་སྡེ་སོགས་གནའ་ཤུལ་གྲགས་ཅན་དང་མཁའ་རེག་ལ་འཁྱགས་རོམ། ཆུ་མཛོད། འདམ་ར་སོགས་ཐུན་མིན་གྱི་རང་བྱུང་མཛེས་ལྗོངས་དེ་བས་མང་པོ་ཡོད། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་འཕེལ་རིམ་ཁྲོད་ཐུན་མོང་མ་ཡིན་པའི་མི་རིགས་དང་འཛུགས་སྐྲུན། དམངས་སྲོལ། བཟོ་རྩལ། ཆོས་ལུགས། བཟའ་བཏུང་བཅས་ཀྱི་རིག་གནས་གྲུབ་ཡོད། རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པས་རྒྱལ་རྩེའི་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
         གསར་འགོད་པར་འོས་སྦྱོར་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱིས་སུ་རྒྱལ་རྩེ་རྫོང་གིས་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོར་བརྟེན་ནས། ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བར་འབད་དེ་རྫོང་མཁར་5Aརིམ་པའི་མཛེས་ལྗོངས་ཁུལ་སྙན་ཞུ་འབུལ་གང་ཐུབ་བྱེད་རྩིས་ཡོད་པ་རེད།
         "རྫོང་རིའི་མཁར་རྫོང་ཕྱོགས་ཡོངས་ནས་སླར་གསོ་དང་རིག་དངོས་ཕྱིར་སྤོ། རྫོང་རིའི་མཁར་རྫོང་ཡུལ་སྐོར་བརྒྱུད་ལམ་ལེགས་པར་བསྐྲུན་པ། རྫོང་རིའི་འོག་ཏུ་ས་མུའུ་སྟོང་ཡོད་པའི་པད་ཁའི་མེ་ཏོག་གི་མཛེས་ལྗོངས་ཁུལ་གསར་བསྐྲུན་བྱ་རྒྱུ་ཡིན"ཞེས་རྒྱལ་རྩེ་རྫོང་གི་རྫོང་དཔོན་གཞོན་པས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱབ་རིའི་མཐའི་གནའ་བོའི་སྲང་ལམ་ཕྱོགས་ཡོངས་ནས་རིམ་པ་སྤོར་བའི་བསྒྱུར་བཀོད་དང་། གྲོང་ཁྱིམ་གྱི་ཁང་པ་གཅིག་གྱུར་ཐོག་གནའ་བོའི་ཉམས་བཞིན་མཛེས་བཟོ་དང་གཅིག་སྡུད་ཀྱིས་གསར་སྤེལ་བྱས་ནས། གནའ་བོའི་སྲང་ལམ་དེ་འཁྲབ་སྟོན་དང་ཞག་སྡོད། བཟའ་བཏུང་། ཡུལ་སྐོར་སྤྲོ་གསེང་། དངོས་ཟོག་ཉོ་བ། རོལ་རྩེད་བཅས་གཞི་གཅིག་ཏུ་འབྲེལ་བའི་མཛེས་ལྗོངས་ཁུལ་རྩེ་གྲ་ཞིག་ཏུ་འཛུགས་བསྐྲུན་བྱེད་གྲབས་ཡོད་པ་རེད།
         རྒྱལ་རྩེ་རྫོང་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བློ་བསྟན་ལགས་ཀྱིས། རྒྱལ་རྩེ་རྫོང་གིས་སྐྱེ་ཁམས་རིག་གནས་ཡུལ་སྐོར་ལས་རིགས་མགྱོགས་པོ་རིགས་སྒྱུར་རིམ་སྤོར་གྱི་སྐུལ་འདེད་གཏོང་བ་དང་། ལྗོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་གསར་གཏོད་བྱས་ཏེ། ལོ་ངོ་གསུམ་གྱི་རིང་ཡུལ་སྐོར་བ་ཐེངས་ཁྲི་50ཙམ་སྣེ་ལེན་དང་། ལོ་ལྔའི་ནང་ཡུལ་སྐོར་བ་ཐེངས་ཁྲི་100སྣེ་ལེན་ཞུ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།