འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲིའི་ས་ཡོམ་ཁྲོད་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་22ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་བར། ཉིང་ཁྲིའི“11·18”ས་ཡོམ་བརྒྱབ་རྗེས་ཏང་སྲིད་དམག་ཉེན་དམངས་ཀྱིས་མཉམ་དུ་འབད་འཐབ་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་དུ་གནས་སྐབས་གཅིག་སྡུད་བཀོད་སྒྲིག་ས་ཚིགས་49བཙུགས་ནས་གུར་505བརྒྱབ་པ་དང་འབྲེལ་བཞའ་འགོག་འགྱིག་གདན་དང་། གློག་བཞུ། འཕྲལ་སྡོམ་གློག་བཞུ་སོགས་ཞོར་གཏོགས་སྒྲིག་ཆས་བཀོད་སྒྲིག་བྱས་ནས་སྡོད་ཁང་ཉེན་ཁ་ཡོད་པའི་མང་ཚོགས་2000ལྷག་ཙམ་གཅིག་སྡུད་བཀོད་སྒྲིག་བྱས་ཡོད།
         མིག་སྔར་གེགས་སེལ་མི་སྣས་རྒྱལ་ལམ་དང་ཞིང་ཆེན་ལམ་དང་དེ་བཞིན་རྫོང་དང་ཤང་གི་འགྲོ་ལམ་162བཤངས་པ་དང་འཕྲིན་གཏོང་སྐུད་ལམ་53སླར་གསོ་བྱས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ཛ་དྲག་ངང་ཁ་བཀྲམ་པ་དང་གནས་སྤོ་བ། གུར་དང་། སྒྲིག་བཤིག་བདེ་བའི་ཁང་པ། སྲིང་བལ་གྱི་གྱོན་གོས་དང་ཕོ་ཁེབས་སོགས་ཤིན་ཏུ་མཁོ་བའི་དངོས་ཟོག་སྐྱེལ་འདྲེན་བྱས་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱུང་ནས་ཐོན་སྐྱེད་དང་འཚོ་བ་གཞི་རྩའི་ཐོག་རྒྱུན་གཏན་ལྟར་སླར་གསོ་བྱུང་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ས་ཡོམ་ཁྲོད་ཡོམ་འཕྲོ་ཐེངས་300ལྷག་ཙམ་བརྒྱབ་པས་སྨན་གླིང་དང་། བྲག་ཡིབ། མེ་ཏོག རྫ་ཡུལ། སྤོ་བོ། ཀོང་པོ་རྒྱ་མདའ་བཅས་རྫོང(ཆུས)6ཏུ་མི་ཁྲི་1.2ལྷག་ཙམ་ལ་ཡོམ་འཕྲོའི་གནོད་འཚེ་ཕོག་པ་དང་སྡོད་ཁང་3000ཙམ་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པ་དང་་གཞུང་ལས་ཁང་པ་སྟར་པ་24དང་། མངགས་གཏོང་ཁང་7 འཕྲོད་བསྟེན་ཁང་9 སློབ་གྲྭ་25བཅས་དང་དགོན་སྡེ(ལྷ་ཁང་དང་རི་ཁྲོད་ཚུད་པ)ཁག་གཅིག་དང་དེ་བཞིན་འགྲོ་ལམ་དང་། འཕྲིན་གཏོང་སྐུད་ལམ། ཆུ་རགས། ཞིང་ཆུ་འདྲེན་ཁུལ་བཅས་ཁག་གཅིག་ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད་པ་རེད།
         གསར་འགོད་པས་གསར་འགྱུར་མ་སྤེལ་གོང་ཉིང་ཁྲིར་ས་ཡོམ་གྱི་ཞོར་ཐོན་གནོད་འཚེ་ཐོན་མེད། རིམ་ཁག་ལས་བྱེད་པ་ཚོས་མུ་མཐུད་གནོད་འཚེ་ཕོག་ཚུལ་གྲལ་བཤེར་བསྡོམས་རྩིས་རྒྱག་པ་དང་། གེགས་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཏན་ཏིག་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཉམས་བཟོའི་ལས་དོན་སྔར་བས་ཡག་པོ་སྤེལ་བ། ཡོམ་འཕྲོ་དང་ཞོར་ཐོན་གནོད་འཚེ་སྔོན་འགོག་དམ་ཟབ་བྱེད་པ། གནོད་འཚེའི་གྱོང་གུན་ཚོད་སྐོར་ཡག་པོ་བཅས་བྱེད་བཞིན་ཡོད། མིག་སྔར་ཡུལ་དེའི་སྤྱི་ཚོགས་ཀྱི་སྒྲིག་ལམ་ཡག་པོ་ཡོད་པ་དང་ཀོང་པོའི་ལོ་གསར་གྱི་རྣམ་པ་ཡང་ཟབ་མོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།