འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།དྭངས་གཙང་ནུས་རྒྱུས་གཙང་གསུམ་ཆུ་འགོ་ཁུལ་གྱི་རི་སྔོ་ཆུ་དྭངས་ཡོང་བར་བྱས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་ལ་དགུན་ཁ་ཤར་འགོ་ཚུགས། གངས་ཆེན་པོ་ཞིག་བབས་རྗེས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10ལ་བར་ཆགས། འོན་ཀྱང་རྨ་སྟོད་རྫོང་མི་རིགས་ཞག་སྡོད་སློབ་འབྲིང་གི་སློབ་མ་རིན་ཆེན་སྒྲོལ་མར་འདི་ལོའི་དགུན་ཁར་སློབ་ཁང་དང་ཉལ་ཁང་ཚང་མ་དྲོ་རུ་ཕྱིན་པ་དང་སློབ་གྲྭ་ཡང་གཙང་སྦྲ་ལྡན་པར་གྱུར་ནས་དུ་ཁུང་དང་སོལ་རོ་མཐོང་རྒྱུ་མེད་པའི་སྣང་བ་ཤར།
         “དེ་ནི་ཚད་རྡུལ་ནུས་པའི་ཁྲོ་ཐབ་ཀྱི་དྭངས་གཙང་ནུས་རྒྱུའི་དྲོད་ལེན་སྒྲིག་ཆས་བསྒར་བ་ལས་བྱུང་བའི་འགྱུར་ལྡོག་རེད”ཅེས་རྒྱལ་ཁབ་གློག་དྲ་མཚོ་སྔོན་མགོ་ལོག་གློག་འདོན་ཀུང་སིའི་ལས་དོན་པ་ཐེན་ཁྲའོ་ཡིས་གསར་འགོད་པར་བཤད་ལ། རྨ་སྟོད་རྫོང་གི་དྲོད་མཁོ་འདོན་བྱེད་སྟངས་ལེགས་སུ་གཏོང་བ་དང་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱ་ཆེད། རྒྱལ་ཁབ་གློག་དྲ་ཀུང་སིས་རྨ་སྟོད་རྫོང་མི་རིགས་ཞག་སྡོད་སློབ་འབྲིང་དུ་ཚད་རྡུལ་ནུས་རྒྱུའི་ཁྲོ་ཐབ་12བསྒར་བས་སློབ་གྲྭར་རྡོ་སོལ་བཏང་ནས་དྲོད་ལེན་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། མཐོ་གྲང་དང་ས་བབ་མཐོ་བའི་ས་ཁུལ་དུ་གཞི་རྒྱ་ཆེ་བའི་དྭངས་གཙང་ནུས་རྒྱུའི་དྲོད་མཁོ་འདོན་གྱི་དཔེ་སྟོན་རྣམ་གྲངས་ལག་བསྟར་ཡང་བྱས་ཡོད་ཅེས་ངོ་སྤྲོད་བྱས།
         “རྨ་ཆུའི་ཆུ་འགོ”ཡིན་པའི་རྨ་སྟོད་རྫོང་འདི་ཉིད་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བར་གནས་པ་དེ་ནི་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་སྣོད་བཅུད་སྲུང་ཡོལ་དང་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་རེད། མཐོ་གྲང་དང་ས་བབ་མཐོ་བའི་རྐྱེན་གྱིས། རྨ་སྟོད་རྫོང་དུ་ལོ་ཧྲིལ་པོར་ཟླ་བ་11ཙམ་དྲོད་མཁོ་འདོན་བྱེད་དགོས་ཀྱི་ཡོད། དེ་སྔ་ལྕི་བ་དང་རྡོ་སོལ་འབུད་ནས་དྲོད་ཁུག་ཐབས་བྱས་པ་དེས་རླུང་ཁམས་ཆེ་མོའི་ཁོར་ཡུག་དང་སྣོད་བཅུད་ཁོར་ཡུག་ལ་ཚད་གཞི་ངེས་ཅན་ཐོག་ནས་གཏོར་སྐྱོན་གཏོང་གི་ཡོད།
         “གློག་གིས་རྡོ་སོལ་གྱི་ཚབ་བྱེད་པའི་དྲོད་མཁོ་འདོན་བྱེད་སྟངས་ཀྱིས་སྦགས་བཙོག་བཟོ་གི་མེད”ཚད་རྡུལ་ནུས་པའི་ཁྲོ་ཐབ་ནི་གློག་ལ་བརྟེན་ནས་དྲོད་མཁོ་འདོན་བྱེད་པའི་སྒྲིག་ཆས་ཤིག་ཡིན་མོད། འོན་ཀྱང་དེ་སྲོལ་རྒྱུན་གྱི་ཁྲོ་ཐབ་དང་གཅིག་པ་མིན་པར་ཚད་རྡུལ་ནུས་པའི་ཁྲོད་ཐབ་སྔོན་ལ་གློག་གིས་ཚད་རྡུལ་གཤེར་གཟུགས་ཚ་པོ་བཟོ་དགོས་པ་དང་དེ་རྗེས་ཚད་རྡུལ་གཤེར་གཟུགས་ཀྱིས་ཆུ་ཚ་པོ་བཟོ་ཡི་ཡོད། ཚད་རྡུལ་གཤེར་གཟུགས་ཀྱི་འཁོལ་ཚད་ལ་རླུང་གནོན་གྱི་ཚད་བཀག་མེད་ནའང་ས་བབ་སྨི་4300ཡན་གྱི་རྨ་སྟོད་རྫོང་དུ་ཆུ་འཁོལ་སྐབས་ཧྲེ་ཧྲིའི་ཏུའུ་80ལ་སླེབས་ཀྱི་ཡོད་ཅེས་ཐེན་ཁྲའོ་ཡིས་ངོ་སྤྲོད་བྱས།
         “ཕུགས་ནས་བལྟས་ན། ཚད་རྡུལ་ནུས་པའི་ཁྲོ་ཐབ་དེ་རྡོ་སོལ་གྱི་ཁྲོ་ཐབ་ལས་དེ་བས་གཙང་བ་དང་ནུས་ཕྱོད་ཆེ་བ་ཡོད་པ་དང་སྲོལ་རྒྱུན་གྱི་གློག་གི་ཁྲོ་ཐབ་ལས་དེ་བས་ནུས་རྒྱུ་གྲོན་ཆུང་ཐུབ་ཀྱི་ཡོད”ཅེས་ཐེན་ཁྲའོ་ཡིས་བཤད།
         རྒྱལ་ཁབ་གློག་དྲ་མཚོ་སྔོན་མགོ་ལོག་གློག་འདོན་ཀུང་སིས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། ཟླ་9ཚེས་25ཉིན་དངོས་སུ་སྤྱོད་འགོ་ཚུགས་ཚུན། ཚད་རྡུལ་ནུས་པའི་ཁྲོ་ཐབ་12འཁོར་རྒྱུག་རྒྱུན་གཏན་ཡིན་པས། ཟླ་10ཚེས་20ཉིན་བར་དྭངས་གཙང་ནུས་རྒྱུ་དེའི་དྲོད་ལེན་རྣམ་གྲངས་ཀྱིས་ཚད་ལྡན་རྡོ་སོལ་ཏུན་176.8ཀྱི་ཚབ་བྱས་སྟབས། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་479.96དང་། དབྱང་གཉིས་མུ་ཟི་འགྱུར་རྫས་འབུད་ཚད་སྤྱི་རྒྱ་1516.58 དབྱང་གཉིས་འགྱུར་རྫས་འབུད་ཚད་སྤྱི་རྒྱ་1320.28བཅས་ཉུང་དུ་ཕྱིན་ཡོད་པ་རེད།
          རྒྱལ་ཁབ་གློག་དྲ་མགོ་ལོག་གློག་འདོན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཧུའེ་ཡོན་གྱིས་མིག་སྔར་གཙང་གསུམ་ཆུ་འགོ་ས་ཁུལ་ཚུད་པའི་རྨ་ཆེན་རྫོང་དང་། དགའ་བདེ་རྫོང་། དར་ལག་རྫོང་། རྨ་སྟོད་རྫོང་། གཅིག་སྒྲིལ་རྫོང་། པད་མ་རྫོང་བཅས་རྫོང་6ཏུ་ཚད་རྡུལ་ནུས་པའི་ཁྲོ་ཐབ་དང་། གློག་དྲོད་ས་ཁྲི་སོགས་དྭངས་གཙང་ནུས་རྒྱུའི་དྲོད་མཁོ་འདོན་རྣམ་གྲངས་187ལག་བསྟར་བྱས་པས་གློག་ནུས་ཀྱིས་སྤྱིའི་གཤོངས་ཚད་ཁྱོན་ཆན་ཝ་25277.5ཡི་ཚབ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།