འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྡེབ་སྦྱོར་ཆུ་འབྲས་ལས་ནེ་པ་ལའི་ཞིང་པར་ཕན་པ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ལོ་50ལ་སླེབས་པའི་ནེ་པ་ལའི་ཞིང་པ་པི་མ་ལ་ཡིས་ཀ་ཏ་མན་རྡུའི་རོང་ཁུལ་གྱི“འབྲས་ཞིང་གྲོང”དུ་ལོ་20ལྷག་ཙམ་ཆུ་འབྲས་བཏབ་པ་དང་། འདི་ལོ་ནི་ཁོང་ལ་ཐོན་འབབ་ལེགས་ཤོས་བྱུང་བའི་ལོ་ཞིག་རེད།
         “ངས་ཇི་ལྟར་བརྗོད་དགོས་མིན་ཤེས་མ་སོང་། ད་ཆ་ང་ཧ་ཅང་སྐྱིད་པོ་འདུག ན་ནིང་དང་བསྡུར་ན་འདི་ལོ་ཆུ་འབྲས་ཀྱི་ཐོན་འབབ་ལྡབ་འཕར་བྱུང་འདུག”ཅེས་རང་ཁྱིམ་གྱི་འབྲས་ཞིང་དུ་ལས་ཀ་བྱེད་བཞིན་པའི་པི་མ་ལ་ཡིས་དགའ་ཚོར་ཆེན་པོས་དེ་ལྟར་བརྗོད།
         སྔོན་ཆད་ལོ་མང་རིང་པི་མ་ལ་ཡིས་ཁྱིམ་དུ་ཡུལ་དེ་གའི་ཆུ་འབྲས་བཏབ་ནས་སྡོད་ཀྱི་ཡོད། ཐོན་འབབ་ཡག་པོ་མེད་པའི་དབང་གིས་ལོ་ལྟར་ས་བོན་བརྗེ་ནས་འདེབས་ཀྱི་ཡོད། འོན་ཀྱང་འདི་ལོ་ཁོང་གིས་ཀྲུང་གོའི་སྡེབ་སྦྱོར་ཆུ་འབྲས་ཚོད་འདེབས་བྱས་སྟབས། མུའུ་རེའི་ཐོན་འབོར་སྤྱི་རྒྱ་460ནས་600བར་འཕར་ཡོད་པ་ལས། ཁོ་མོའི་ཡོང་འབབ་ལྡབ་གསུམ་འཕར་བ་སྨོས་མེད་རེད།
         ཡོན་ལུང་ཕིང་ཞིང་ལས་ཚན་རྩལ་མཐོ་བའི་མ་རྐང་ཚད་ཡོད་ཀུང་སིའི་རིགས་གཅིག་མཁས་ཅན་དང་ནེ་པ་ལའི་རྒྱལ་ཁབ་ཞིང་ལས་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་དེ་བཞིན་ས་ཁུལ་གཞན་དག་གི་ཞིང་པ་20ལྷག་ཙམ་པི་མ་ལའི་སྡེབ་སྦྱོར་ཆུ་འབྲས་ཚོད་འདེབས་ཞིང་ནང་དུ་ལྟ་སྦྱོང་ལྟ་སྐོར་བྱེད་པར་བསྐྱོད་ནས་ཁོ་མོའི་ཆུ་འབྲས་ལ་ལོ་ལེགས་བྱུང་བར་མཉམ་དུ་ལོངས་སྤྱོད་བྱས་པ་རེད།
         2015ལོའི་ཟླ་བཞི་པར་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་མིང་རྟགས་བཀོད་པའི་བརྗེ་ཡིག་གི་གཏན་འབེབས་གཞིར་བཟུང་། ཀྲུང་གོས་ནེ་པ་ལའི་ཞིང་ལས་ལག་རྩལ་གྱི་མཉམ་ལས་རྣམ་གྲངས་ལ་རོགས་སྐྱོར་བྱ་རྒྱུའི་འགན་འཁྱེར་ཡོད། དེའི་ཁྲོད་སྡེབ་སྦྱོར་ཆུ་འབྲས་དང་མ་རྨོས་ལོ་ཏོག་ཚོད་འདེབས་དང་དེ་བཞིན་དཔེ་སྟོན་ཁྱབ་གདལ་དང་། སྡེབ་སྦྱོར་ཆུ་འབྲས་སོན་གསོ་དང་ས་བོན་ལེགས་བཟོ་བཅས་ནང་དོན་གལ་ཆེན་ཞིག་རེད།
         ནེ་པ་ལར་རོགས་སྐྱོར་བྱེད་མཁན་ཞིང་ལས་ལག་རྩལ་མཉམ་ལས་རྣམ་གྲངས་ཚོགས་ཆུང་གི་ཙུའུ་ཀྲང་ཀྲང་ཞའོ་ཧུའེ་ཡིས། 2016ལོའི་ཟླ་གཉིས་པ་ནས་བཟུང་ཁོང་གིས་མཐོ་རིམ་ཞིང་ལས་རིགས་གཅིག་མཁས་ཅན་བཞིའི་སྣེ་ཁྲིད་དེ་ཀ་ཏ་མན་རྡུ་དང་ཆི་ཐེ་དབང་སོགས་ས་ཁུལ་མང་པོར་ཆུ་འབྲས་དང་མ་རྨོས་ལོ་ཏོག་ཚོད་འདེབས་བྱེད་ས་མང་པོ་ཞིག་བདམས་པ་རེད། ལོ་གཅིག་ལྷག་ཙམ་ཚོད་འདེབས་བྱས་པ་བརྒྱུད་ཀྲུང་གོའི་སྡེབ་སྦྱོར་ཆུ་འབྲས་དང་མ་རྨོས་ལོ་ཏོག་བཏབ་པར་ཕན་འབྲས་ཆེན་པོ་ཐོན་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
         ལོ་59ལ་སླེབས་པའི་ཞིང་པ་ལི་ཝ་ཐི་ཡང་ལྟ་སྦྱོང་ཚོགས་འདུར་ཞུགས་ཡོད། ལི་ཝ་ཐི་ནི་ཀ་ཏ་མན་རྡུ་དང་ཐག་ཉེ་བའི་ཅ་ལེ་ཨ་ལ་ཆའོ་ཁེ་རྫོང་ནས་ཡོང་བ་ཞིག་ཡིན་པ་དང་ཁོང་ཡང་སྡེབ་སྦྱོར་ཆུ་འབྲས་ཚོད་འདེབས་ལ་ཞུགས་ཡོད།
         ལི་ཝ་ཐིས“འདི་ལོ་ངའི་ཁྱིམ་དུ་བཏབ་པའི་ཆུ་འབྲས་ཀྱི་ཐོན་འབོར་ནི་ན་ནིང་གི་ལྡབ་བཞི་རེད། ཡོང་འབབ་ཀྱང་ལྡབ་གཉིས་ཙམ་འཕར་བ་དེ་དག་ང་ཚོ་མི་རབས་འདིས་བསམ་ཡང་མི་ཕོད་པ་ཞིག་རེད། ཀྲུང་གོའི་ཆུ་འབྲས་ཀྱི་སྣེ་ཁ་ནི་གསོལ་རས་གནང་བ་རང་རེད”ཅེས་བཤད།
         ནེ་པ་ལའི་རྒྱལ་ཁབ་ཞིང་ལས་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཀའོ་ཐ་མུའུ་ཡིས་ལྟ་སྦྱོང་བྱེད་སར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་པ་ལྟར་ན། ང་ཚོས་ཀྲུང་གོའི་སྡེབ་སྦྱོར་ཆུ་འབྲས་ཚོད་འདེབས་བྱེད་སྐབས་ཐོན་འབབ་ནེ་པ་ལའི་ཡུལ་དེ་གའི་ཆུ་འབྲས་ལས་ཧ་ཅང་མང་བ་འདུག གལ་སྲིད་འདེབས་ཁྱོན་ཆེ་རུ་བཏང་ཚེ་ནེ་པ་ལ་སྲིད་གཞུང་གིས་འབྲས་ནང་འདྲེན་བྱེད་ཉུང་དུ་འགྲོ་ཐུབ།
      

    ཕྱོགས་བསྡུས་གསར་འགྱུར།