འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོར་མྱོང་ཚོར་བྱེད། ནུབ་རྒྱུད་ཀྱི་ཉམས་བཟང"ཞེས་པའི་གྲངས་ཉུང་མི་རིགས་ཀྱི་རྒྱན་
    གོས་གླུ་གར་ཧོ་ལན་དུ་འཁྲབ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཧོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཟླ་10ཚེས་23ཉིན་གྱི་དགོང་མོ་ཧོ་ལན་གྱི་ཨེན་སི་ཧོ་ཏེ་གྲོང་ཁྱེར་སྲིད་གཞུང་དང་མཉམ་འབྲེལ་ཐོག་ཨེན་སི་ཧོ་ཏེ་རོལ་དབྱངས་ལྟེ་གནས་ཀྱི་ཟློས་གར་ཁང་དུ་ཀྲུང་གོའི་ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་རྒྱན་གོས་གླུ་གར་འཁྲབ་སྟོན་བྱས་པ་རེད།
         ས་གནས་དེ་གའི་དམངས་ཚོགས་དང་ཕྱིར་ཁོངས་ཀྲུང་གོ་བའི་འཐུས་མི་སྟོང་ལ་ཉེ་བས་ཧོ་ལན་ཧྭ་ཤིང་སྒྱུ་རྩལ་ཚོགས་པ་དང་ས་གནས་དེ་གའི་སྒྱུ་རྩལ་མཁས་པས་འཁྲབ་སྟོན་བྱས་པའི་བོད་རིགས་དང་། ཡུ་གུར་རིགས། སོག་རིགས་སོགས་ཀྲུང་གོའི་ནུབ་རྒྱུད་གྲངས་ཉུང་མི་རིགས་ཀྱི་རྒྱན་གོས་ངོམ་སྟོན་དང་། ཞབས་བྲོ། རོལ་དབྱངས་དཀྲོལ་གཏོང་། གླུ་གཞས། དེ་བཞིན་ཀྲུང་ནུབ་ཤན་སྦྱར་གྱི་རིག་རྩལ་འཁྲབ་སྟོན་བཅས་ལ་བལྟས་པ་རེད།
         མཚན་ཚོགས་སུ་གདན་ཞུས་ལྟར་ཕེབས་པའི་ཨེན་སི་ཧོ་ཏེ་གྲོང་ཁྱེར་གྱི་ཧྲེ་ཀྲང་ཨའོ་ནུ·ཧྥེན་ཕེར་ཏེ་ཧོ་དབྱི་ཙེང་གིས་འདི་ལོ་ནི་ཧོ་ལན་དང་ཀྲུང་གོའི་དབར་གཞུང་ཚབ་རིམ་པའི་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་ཞིག་རེད། ཨེན་སི་ཧོ་ཏེ་གྲོང་ཁྱེར་གྱིས་ཡུན་རིང་མ་སོང་གོང་ཀྲུང་གོའི་ཏ་ལེན་དང་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་དངོས་སུ་བཙུགས་ཡོད། ཧོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་དུས་འདིར་བྱེད་སྒོ་སྤེལ་རྒྱུའི་གདམ་ག་བྱས་པ་ལས་ངར་གཟི་བསོད་ཆེན་པོ་ལྡན་པའི་ཚོར་སྣང་བྱུང་ཞེས་གསུངས།
         ཧྥེན་ཕེར་ཏེ་ཧོ་དབྱི་ཙེང་གིས་གྲངས་ཉུང་མི་རིགས་ཀྱི་རྒྱན་གོས་གླུ་གར་འཁྲབ་པས་ས་གནས་དེའི་དམངས་ཚོགས་ལ་ཀྲུང་གོའི་ནུབ་རྒྱུད་རིག་གནས་ཐག་ཉེ་པོས་ཤེས་རྟོགས་བྱེད་པའི་གོ་སྐབས་ཤིག་སྦྱིན་ཡོད་ཅེས་གསུངས། ཁོང་གིས་ས་གནས་དེ་གའི་ཕྱི་ཁོངས་ཀྲུང་གོ་བའི་འབད་འབུངས་ཡར་བརྩོན་གྱི་གཟུགས་བརྙན་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོང་ཚོས་ས་གནས་དེ་གའི་སྤྱི་ཚོགས་ནང་གང་ལེགས་ངང་ཞུགས་པའི་ངོས་འཛིན་གནང་བ་མ་ཟད། ད་དུང་མི་དེ་བས་མང་པོས་ཨེན་སི་ཧོ་ཏེ་གྲོང་ཁྱེར་ལ་མ་དངུལ་བཏང་ནས་བྱ་གཞག་བཏོད་དེ་ཕན་ཚུན་དབར་གྱི་མཛའ་གྲོགས་ཟབ་ཏུ་དང་རྒྱུས་མངའ་ཟབ་ཏུ་གཏོང་རྒྱུའི་རེ་བའང་ཡོད་ཅེས་གསུངས།
         ཧོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ཚན་ཙན་ཁྲེན་རི་པེའོ་ཡིས་ཤིས་ཚིག་གསུང་སྐབས་ཀྲུང་གོ་ནི་མི་རིགས་56ལས་གྲུབ་པའི་རིག་གནས་སྣ་འཛོམས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་དང་ནུབ་རྒྱུད་ས་ཁུལ་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཁྱབ་ཚུལ་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་ཞིག་རེད། བོད་རིགས་དང་། ཡུ་གུར་རིགས། སོག་རིགས་སོགས་ཀྱིས་ཚབ་མཚོན་དུ་བྱས་པའི་ནུབ་རྒྱུད་མི་རིགས་ནི་གླུ་གར་ལ་མཁས་ཤིང་སེམས་རྩ་འཁོལ་བ་ཞིག་རེད། ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་མི་རིགས་དེ་དག་གི་རྒྱན་གོས་དང་གླུ་གར་ལས་ཀྲུང་ཧྭའི་ཤེས་དཔལ་གྱི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཡུལ་ལྗོངས་ཤིག་ཐུན་མོང་ཐོག་གྲུབ་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།