འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་པད་མ་རྫོང་གིས་ཐོན་ལས་མང་པོ་གཉེར་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཤར་ལྷོའི་མཚམས་སུ་ཁུ་སིམ་ཞིང་ཡུལ་ལྗོངས་ལྟ་ན་སྡུག་པའི་རྫོང་གྲོང་པད་མ་ཞེས་པ་ཞིག་ཡོད། དེར་ས་རྒྱུ་གཤིན་པ་དང་རི་ཆུ་མང་བའི་བག་ཆགས་ཤིག་ང་ཚོ་ཚང་མར་འཇོག་ངེས།
         ལོ་ཤས་རིང་། པད་མ་རྫོང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡུལ་བབ་དང་བསྟུན་ནས་དེ་གའི་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་པའི་ཕྱུག་འགྱུར་ལམ་བུ་གསར་པ་ཞིག་བཏོད་ཡོད།
         “ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ནས་རྒས་འཁོགས་ལ་སྲི་ཞུ་ཞབས་ཏོག་དང་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་ཅིང་། ཡོང་སྒོ་མང་དུ་སོང་ལ་ཚལ་འདེབས་པའི་ལག་རྩལ་ཡང་ཤེས་བྱུང་། འདི་ལོར་ཁྱིམ་ལ་མཁོ་ཆས་ཀྱང་ཉོས་པ་ཡིན”མི་སེར་ཚོ་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་ཀྱི་རོགས་རམ་འོག“འབྱོར་འབྲིང་གི་འཚོ་བ”སྐྱེལ་རྒྱུ་བྱུང་སོང་ཞེས་དབུལ་པོའི་དུད་ཚང་གཡང་འཛོམས་ཀྱིས་བརྗོད།
         པད་མ་རྫོང་ལྕགས་རི་ཐང་ཤང་སྒར་རུ་མ་གྲོང་ཚོས་གསར་དུ་བརྒྱབ་པའི་སྔོ་ཚལ་དྲོད་ཁང་ལ་སྒོར་ཁྲི་3000(དེའི་ནང་དབུལ་སྐྱོར་མ་དངུལ་སྒོར་ཁྲི་200ཡོད་པ)བཏང་ནས་དྲོད་ཁང་ཆེན་པོ་24བརྒྱབ་ཅིང་། ས་ཁྱོན་སྤྱི་ཆིང་4.67ཟིན་གྱི་ཡོད། དྲོད་ཁང་དུ་ཤ་མོའི་རིགས་དང་། ཤིས་ཀྭ འབྲི་ཏ་ས་འཛིན། སྔོ་ཚལ་སོགས་བཏབ་ལ་ད་དུང་ཕག་པ་དང་། བྱ་དེ། བྱ་གག ངང་པ་བཅས་གསོ་གི་ཡོད།
         པད་མ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་འགན་འཁུར་བས་དེ་གའི་འབྲོག་པར་ལག་རྩལ་མེད་པས། ས་ཞིང་སྔོ་ཚལ་དྲོད་ཁང་འདེབས་མཁན་ལ་བརྒྱུད་བཤུག་བྱེད་ཀྱི་ཡོད། དེས་ན་ལོར་བོགས་དངུལ་སྒོར་48000རག་གི་ཡོད། དེ་ནི་ཐོན་ལས་དབུལ་སྐྱོར་བྱས་པའི་ཕན་འབྲས་ཀྱི་གྲས་ཤིག་རེད་ཅེས་ངོ་སྤྲོད་བྱས།
         དྲོད་ཁང་གི་ས་ཆ་དག་ལྕགས་རི་ཐང་ཤང་སྒར་རུ་མ་གྲོང་ཚོར་བདག་པས་གྲོང་ཚོ་དེ་གའི་དུད་ཚང་དབུལ་པོ་66གི་མི་315ལ་ཁེ་བཟང་ཡོང་བར་སྣེ་ཁྲིད་ཐུབ་ཅིང་། དུད་ཚང་དབུལ་པོའི་ཐེམ་དུད་རེར་སྒོར་730བགོ་འགྲེམས་རྒྱག་གི་ཡོད་པ་མ་ཟད། དེ་གའི་སྔོ་ཚལ་དྲོད་ཁང་ལ་ལས་མི་18དང་ལག་རྩལ་འགན་འཁུར་བ་6བསྡུས་པས། དུད་ཚང་དབུལ་པོའི་མི་10ཡོད་པ་དག་ལ་ཆ་སྙོམས་མི་རེར་ཡོང་འབབ་སྒོར་3000ཡན་ཡོང་གི་རེད།
         སྔོ་ཚལ་དྲོད་ཁང་ལ་བརྟེན་ནས་བྱུང་བའི་ཕན་པ་ནི་པད་མ་རྫོང་གི་དབུལ་སྐྱོར་ལས་དོན་གྱི་ཆ་ཤས་གཅིག་ཙམ་རེད། ད་དུང་གསེར་མདོག་རིག་གནས་དབུལ་སྐྱོར་ཐོན་ལས་གླིང་དང་། ལྗང་མདོག་ཞིང་ལས་ནགས་ར་དབུལ་སྐྱོར་ཐོན་ལས་གླིང་། གསར་བརྗེའི་ཡུལ་སྐོར་དབུལ་སྐྱོར་ཐོན་ལས་གླིང་བཅས་ཐོན་ལས་ཁུལ་ཆེན་པོ་གསུམ་པོས་པད་མ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྣེ་ཁྲིད་བྱས་ཡོད་དེ། བོད་རིགས་ཀྱི་དམངས་སྲོལ་རིག་གནས་ཁག་གཅིག་རྨང་གཞིར་བྱས་པའི་ཡུལ་སྐོར་ཐོན་ཟོག་དང་དམངས་ཁྲོད་ལག་ཤེས་ཐོན་ཟོག་ལ་ཁྱབ་འགྱེད་སྣེ་ཁྲིད་བྱས་ཏེ། གྱོན་ཆས་འཚེམ་དྲུབ་ཁང་དང་། བོད་ཇ་ཐོན་སྐྱེད། བོད་རུམ་འཐག་པ་སོགས་ཀྱི་ཐོན་ལས་གསར་པ་མང་པོ་སྐྱེད་བསྲིང་བྱས་ནས་ལས་ཞུགས་ལས་གནས་150ཐག་གཅོད་བྱས་པ་དང་རྫོང་དེ་ཡོངས་ཀྱི་མང་ཚོགས་དབུལ་པོ་1662ལ་ཐོན་ལས་གླིང་ནས་བགོ་འགྲེམས་རག་ཡོད།
         པད་མ་རྫོང་ཨུད་ཀྱི་འགན་འཁུར་བས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང“སྤོ་ཐུབ་པ་དང་ཡང་བསྐྱར་དབུལ་པོར་མི་འགྱུར་བ”འགན་ལེན་བྱ་ཕྱིར། ང་ཚོས་སྔོན་ལ་ངལ་ནུས་ལྡན་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་དབུལ་པོར་ལས་ཞུགས་ལས་གནས་150བཀོད་སྒྲིག་བྱས་ཏེ་ལོ་ལྟར་སྒོར་ཁྲི་200བཏང་ནས་རྫོང་དེ་ཡོངས་ཀྱི་མང་ཚོགས་དབུལ་པོ་1662ལ་བགོ་འགྲེམས་བརྒྱབ་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།