འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།གསར་གཏོད་བྱེད་ཕོད་པ་དང་། རང་ངོས་གསར་བརྗེས་བྱེད་པ། སྒོ་དབྱེར་གདེང་ཚོད་ཡོད་པ།

    —— འཛམ་གླིང་གི་མཐོང་རིས་ནང་གི་ཀྲུང་གུང་གི་གཟུགས་བརྙན་གསར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པས་འཛམ་གླིང་ཡོངས་ཀྱི་མིག་དབང་རབ་ཏུ་འཕྲོག་ནས་འཛམ་གླིང་གླེང་ཕྱོགས་ཀྱི་དོ་ཁུར་བྱ་ཡུལ་ཞིག་ཏུ་གྱུར་ཡོད།
          འདི་ནི་ཁྱད་དུ་འཕགས་པའི་གྲུབ་འབྲས་ཐོབ་པའི་ཏང་ཞིག་དང་གཟུགས་བརྙན་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་ཏང་ཞིག་རེད་ཅེས་པ་སོགས་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་། རིགས་གཅིག་མཁས་ཅན། སྨྱན་སྦྱོར་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ལ་ཚད་མཐོའི་གདེང་འཇོག་མགྲིན་གཅིག་ཏུ་བྱེད་ཀྱི་ཡོད།
         གཟུགས་བརྙན་གསར་པ་དང་པོ། གསར་གཏོད་བྱེད་ཕོད་པ།
         “ཀྲུང་གོ་གུང་ཁྲན་ཏང་གི་ཆེས་གལ་འགངས་ཆེ་བའི་འཇོན་ཐང་གི་གྲས་ཤིག་ནི་གསར་གཏོད་རང་བཞིན་ཏེ། དགོངས་པ་གསར་པ་གསར་གཏོད་དང་། སྲིད་ཇུས་གསར་པ་དང་འཐབ་ཇུས་གསར་པ་གསར་གཏོད་བྱེད་པ་དེ་ཡིན”ཞེས་ཧང་ག་རིའི་དེ་སྔའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་གི་གཞུང་ཚབ་ཆེ་མོ་བ་ཁུའུ་ཧྲའོ་དབྱི·ཧྲན་ཏོར་གྱིས་དེ་ལྟར་གསུངས།
        “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་སོགས་འདས་པའི་ལོ་ལྔའི་རིང་ཀྲུང་གོ་གུང་ཁྲན་ཏང་ལ་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། “དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ”དེ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཐོན་སྐབས་འཛམ་གླིང་ཡོངས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད། 
         “ཀྲུང་གོ་གུང་ཁྲན་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ནི་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པའི‘ཐབས་མཆོག’ཅིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་མཁས་མཛངས་ལྡན་པའི་ཐབས་ཇུས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྔར་བས་སྐུལ་འདེད་ཐུབ་ཡོད”ཅེས་ཨུ་རུ་སུའི་ཚན་རིག་ཁང་རྒྱང་ཤར་ཞིབ་འཇུག་སུའོ་ཡི་དབུ་བཞུགས་ཞིབ་འཇུག་པ་ཨེ་ལེ་ཨའོ་ནོ་ལ·ཕི་ཝོ་ཝ་ལོ་ཝ་ཡིས་གསུངས།
        “ཀྲུང་གོས་གཞི་ཁྱོན་ཆེ་བའི་གནད་སྨིན་དབུལ་སྐྱོར་ཁྱབ་སྤེལ་བཏང་བ་དང་། རུལ་སུངས་ལ་ངོ་རྒོལ་བྱས་པ། ‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་བཏོན་པ་སོགས་དེ་དག་ནི་བྱ་ཐབས་དང་འཐབ་ཇུས་བཟང་པོ་ཤ་སྟག་རེད། ཀྲུང་གོས་དེ་ལྟར་སྒྲུབ་ཐུབ་དོན་ནི་ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བཟང་པོ་ཡོད་པ་ལས་ཡིན་ལ་དེ་བས་གལ་འགངས་ཆེ་བ་ཞིག་ནི་ཀྲུང་གོར་ནུས་ལྡན་གྱི་བྱ་སྤྱོད་བྱེད་པོ་ཡོད་པས་ཡིན”ཞེས་སིང་ཀ་ཕོར་གཞུང་བཙུགས་སློབ་ཆེན་ཨེ་ཤེ་ཡ་ཤར་མའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲེང་ཡུང་ཉན་གྱིས་གདེང་འཇོག་ཆེན་པོ་དེ་ལྟར་གནང་གི་ཡོད།
        གཟུགས་བརྙན་གསར་པ་གཉིས་པ། རང་ངོས་གསར་བརྗེས་བྱེད་པ།
       སིང་ཀ་ཕོར་གྱི་《མཉམ་འབྲེལ་ཞོགས་པའི་ཚགས་པར་》གྱི་གདེང་འཇོག་ནང་འདས་ཟིན་པའི་ལོ་ལྔའི་རིང་ཀྲུང་གུང་གི“སྟག་སྦྲང་མཉམ་རྡུང”བྱ་སྤྱོད་ཀྱིས་ཕྱི་རྒྱལ་དུ་བག་ཆགས་ཧ་ཅང་ཆེན་པོ་བཞག་ཡོད་ལ་བྱ་སྤྱོད་སྤེལ་ཤུགས་དེ་ཀྲུང་གུང་གི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་མཁན་སྡེ་ཚན་གྱིས་རང་བཤེར་ནན་པོ་བྱས་ནས“སྒྲོན་འོག་གི་མུན་པ”སྔོན་འགོག་ནུས་ལྡན་བྱས་པ། “གནམ་རྒྱ”སོགས་ཀྱི་བྱ་སྤྱོད་ནང་ཕྱི་རྒྱལ་དུ་བྲོས་པའི་མི་ཁག་གཅིག་བྲོས་འདེད་བཏང་བ་སོགས་གྲུབ་འབྲས་དེ་དག་ལས་དམངས་སེམས་ཐོབ་ཡོད་ཅེས་འཁོད་ཡོད།
        “རྒྱལ་ཁབ་སྐྱོང་བར་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་སྐྱོང་བར་ངེས་པར་དུ་ནན་པོས་སྐྱོང་དགོས། ཏང་དོ་དམ་ཡག་པོ་མི་ཐུབ་པ་དང་། ཏང་སྐྱོང་རྒྱུ་ནན་པོ་མ་བྱུང་བ། མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་ཏང་ནང་ཁུལ་གྱི་གནད་དོན་མངོན་གསལ་དོད་པོ་ཐག་གཅོད་མ་ཐུབ་པ་བཅས་བྱུང་ཚེ་རང་རེའི་ཏང་སྔ་ཕྱི་མ་གཏོགས་སྲིད་འཛིན་གྱི་ཐོབ་ཐང་ཤོར་ངེས་རེད་ལ་ལོ་རྒྱུས་ཀྱིས་ཕྱིར་འབུད་རྒྱུ་ལས་མ་འདས”ཞེས་བློ་མཐུན་ཞི་ཅིན་ཕིང་གི་གསུངས་བཤད་དེར་ལེ་དབར་ཁྲི་ཡིས་ཆོད་པའི་ཆི་ལིའི་སྤྱི་ཚོགས་དམངས་གཙོ་ཡར་སྐུལ་ཏང་གི་ཀྲུའུ་ཞི་ཨའེ་ནེ་སི་ཐོ·པེ་ལ་སི་ཁོ་ཡིས་ཁས་ལེན་གནང་གི་ཡོད།
         པེ་ལ་སི་ཁོས་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་ཤུགས་ཆེན་བྱས་ནས་ལམ་ལུགས་དེང་རབས་ཅན་གྱི་མདུན་གྲལ་དུ་བསྐྱོད་ཡོད་པས་མི་དམངས་ཀྱི་ཡིད་ཆེས་དེ་བས་མང་པོ་ཐོབ་ཡོད་ལ་འཛམ་གླིང་ཐོག་གི་རྒྱལ་ཁབ་གཞན་དག་གི་ཡིད་ཆེས་དེ་བས་མང་བ་ཐོབ་ཡོད་པའི་ངོས་འཛིན་གནང་གི་འདུག
         ལོ་ལྔའི་རིང་བྱ་ཐབས་ནན་པོ་སྤྱད་དེ་རུལ་སུངས་ལ་ཆད་པ་བཅད་པ་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པའི་བར་དང་དེ་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལམ་སྲོལ་སྒྲིག་གཞི་བཙུགས་པའི་བར་སོགས་ལ་འཛམ་གླིང་གིས་རང་ངོས་དྭངས་གཙང་ཡོང་བ་བྱེད་པའི་ཀྲུང་གུང་ཞིག་གསལ་པོ་མཐོང་ཡོད། ཐུར་ཁེའི་རྒྱལ་གཅེས་ཏང་གི་ཀྲུའུ་ཞི་གཞོན་པ་སོ་ནེར·པོ་ལ་ཐེས“ཀྲུང་གོ་གུང་ཁྲན་ཏང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཤུགས་ཆེན་པོ་དེ་འདྲ་ཡོད་པ་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད”ཅེས་བསྔགས་བརྗོད་གནང་གི་ཡོད།
         ལོ་ལྔའི་རིང“གཏན་འབེབས་དོན་ཚན་བརྒྱད”
        བཏོན་པ་ནས“འདུ་ཤེས་བཞི”ཟབ་ཏུ་བཏང་བའི་བར་དང་དེ་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་བ་དང་ཆབ་སྲིད་ཀྱི་ཁོར་ཡུག་ལེགས་སུ་བཏང་བ་སོགས་ལས་འཛམ་གླིང་གིས་རང་ངོས་གསར་བརྗེས་བྱེད་པའི་ཀྲུང་གུང་ཞིག་གསལ་པོ་མཐོང་ཡོད། ཧ་སག་སི་ཐན་གུང་ཁྲན་མི་དམངས་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཨ་དབྱི་ཁེན·ཁོ་ནུ་ལོ་ཕུའུ་ཡིས་ཀྲུང་གུང་གིས་ཏན་ཏན་ཏིག་ཏིག་གི་བྱ་སྤྱོད་སྤེལ་བ་བརྒྱུད་མི་དམངས་མང་ཚོགས་ཁྲོད་སྙན་གྲགས་བཏོད་ཡོད་ཅེས་གསུངས།
         གཟུགས་བརྙན་གསར་པ་གསུམ་པ། སྒོ་དབྱེར་གདེང་ཚོད་ཡོད་པ།
         འདི་ལོའི་ཟླ་9པའི་ཟླ་སྨད་དུ“ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད——ལྗང་མདོག་འཕེལ་རྒྱས”ཞེས་པའི་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་ཀྲུང་ཕྱིའི་མི་སྣ་བརྒྱ་གྲངས་ལྷན་དུ་འཛོམས་ཡོད།
         ཚོགས་འདུའི་ཐོག་ཡོ་རོབ་གཡོན་རུ་ཏང་གི་ཀྲུའུ་ཞི་གཞོན་པ་པའོ་ལོ·ཧྥེ་ལེ་ལོ་ཡིས་ཁོང་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས་ཀྱི་མྱོང་ཚོར་གླེང་ཞིང་། ཁོང་གིས“ནུབ་ཕྱོགས་རྒྱལ་ཁབ་མི་ཉུང་བ་ཞིག་གིས་བཟོ་ལས་ཅན་གྱི་ཐོག་མའི་དུས་མཚམས་སུ་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆུང་བྱས་ཡོད། འོན་ཀྱང་ཀྲུང་གོ་ལྟ་བུའི་བཟོ་ལས་ཅན་གྱི་རྒྱལ་ཁབ་གསར་པ་ནི་དེ་ལྟར་མིན་པར་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད”ཅེས་གསུངས།
         སྣོད་བཅུད་འཛུགས་སྐྱོང་དང་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ནས་གནད་སྨིན་དབུལ་སྐྱོར་དང་གསར་གཏོད་ཕྱོགས་སྒྱུར་བར་སོགས་ལ་འཛམ་གླིང་གིས་ཀྲུང་གུང་གི་ས་ནས་རང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་རིག་པའི་ཀློང་རྡོལ་བ་དང་ལན་འཚོལ་ཐབས་བྱེད་ཀྱི་ཡོད། ཀྲུང་གོར་རྩ་བ་ཚུགས་པ་དང་འཛམ་གླིང་ལ་ཕྱོགས་པའི་ཀྲུང་གུང་གིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བཏང་ཡོད་ལ་འཛམ་གླིང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པའང་བྱས་ཡོད།
         ཁེན་ནི་ཡའི་གྲོས་ཁང་འོག་མའི་གྲོས་མི་ལོ་པོ་ཐེ·ཤིས་མོ·ཤིས་ཐན་ཅིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་སྲིད་ཏང་གིས་ཀྲུང་གུང་མིག་དཔེར་བཟུང་ནས་རྒྱལ་ཁབ་ལ་འགོ་ཁྲིད་བྱས་ཏེ་རང་ཉིད་ལ་འཚམ་པའི་ལམ་བུ་ཞིག་གི་ཐོག་སྐྱོད་དགོས་ཞེས་གསུངས།
         དབྱི་རན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས་ཚོགས་ཆེན་བཅུ་དགུ་པར་འཛམ་གླིང་ཀུན་གྱིས་དོ་ཁུར་བྱེད་ཀྱི་ཡོད། འཛམ་གླིང་གིས་ཀྲུང་གོར་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་མཐོང་ཡོད་ལ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཀྲུང་གོར་དུས་རབས་གསར་པར་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་འཕེལ་རྒྱས་གཏོང་སྟངས་དེ་དཔལ་འབྱོར་གོ་ལ་ཅན་གྱི་འཕེལ་རིམ་ནང་གི་དཔེ་མཚོན་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཝུའེ་དང་ལིའུ་མོ་མོ་ཡིས།
      

    ཕྱོགས་བསྡུས་གསར་འགྱུར།