འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྨིན་ཧོ་རྫོང་གི་མང་ཚོགས་4939ལུང་པ་སྐྱོ་པོ་ནས་སྤོས་པ།

    དུད་ཚང་དབུལ་པོ"གྲོང་ཁྱེར་བར"གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་15ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། “པང་གཅལ་བཏིངས་ཟིན་ལ་ཆ་སྒམ་དང་ཐབ་ཆས་ཀྱང་བསྒྲིགས་ཚར་སོང་། ད་ལྟ་གཙང་སྦྲ་རགས་ཙམ་བྱས་ནས་གཟའ་འཁོར་རྗེས་མར་སྤོ་རྩིས་ཡོད”ཅེས་ལི་ཙུང་ལེང་གིས་ཤེལ་སྒོ་འཕྱིད་བཞིན་དུ་གསར་འགོད་པར་བཤད།
         དེ་གོང་ལི་ཙུང་ལེང་རྨིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་པེ་ཧྲན་ཤང་དུ་སྡོད་ཀྱི་ཡོད། རི་བོ་མཐོ་ལ་གཡང་གཟར་བའི་ཤང་དེ་རྫོང་གྲོང་གི་བྱང་ཕྱོགས་སུ་ཡོད་པ་དང་། ཤར་ཀན་སུའུ་ཞིང་ཆེན་དང་ས་སྦྲེལ་རེད། ཁོངས་གཏོགས་སུ་གྲོང་ཚོ་7དང་མང་ཚོགས་དུད་ཚང་1455ཡོད་པའི་ཤང་དེར་འགྲོ་སྐྱོད་དཀའ་བ་དང་། ཆུ་དཀོན་པ། སློབ་གྲྭ་ཐག་རིང་བ། སྨན་པ་དཀོན་པ། ལས་ཀ་འཚོལ་དཀའ་བ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་ཕྲད་ཡོད།
         པེ་ཧྲན་ཤང་གི་དམིགས་བསལ་རང་བྱུང་ཆ་རྐྱེན་ལ་དམིགས་ཏེ་རྨིན་ཧོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཤང་ཧྲིལ་པོ་ཁོར་ཡུག་སྐྱིད་སྣང་དོད་པ་དང་འགྲིམ་འགྲུལ་སྟབས་བདེ་བའི་ཧྲེ་ན་ས་ཁུལ་དུ་སྤོ་རྒྱུའི་གཏན་འབེབས་བྱས། སླད་ཕྱིན་མང་ཚོགས་4939དག་ལུང་པ་སྐྱོ་པོ་དེ་ནས་བྲལ་ཏེ་ཐོག་བརྩེགས་ཅན་གྱི་ཁང་པར་སྤོ་རྒྱུ་ཡོང་ལ་འཚོ་བ་གསར་པ་ཞིག་ཀྱང་སྐྱེལ་ཐུབ་རྒྱུ་རེད།
         ལི་ཙུང་ལེང་གིས“ངའི་ཁྱིམ་ནི་གྲོང་ཚོའི་དུད་ཚང་དབུལ་པོ་ཞིག་རེད། སྒོར་ཁྲི་1སྤྲད་ན་སྨི་ངོས་གྲུ་70ཡོད་པའི་ཐོག་བརྩེགས་ཅན་གྱི་ཁང་པར་སྡོད་རྒྱུ་ཡོང་ལ་གྲོང་ཁྱེར་བར་འགྱུར་རྒྱུ་རེད། སླད་ཕྱིན་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུ་ཡོང་ངེས་རེད་འདུག སློབ་གྲྭའང་སྡེ་ཁུལ་གྱི་ཉེ་འཁོར་དུ་ཡོད་པས་ཕྲུ་གུ་བསུ་སྐྱེལ་བྱེད་དགོས་ཀྱི་མི་འདུག རང་ཉིད་བློ་བདེ་པོས་ལས་མི་བྱེད་པར་འགྲོ་ཆོག་པ་འདུག”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།