འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་སྨན་བཅོས་ཞབས་ཞུའི་དཔེ་དབྱིབས་གསར་པ་ནུབ་རྒྱུད་དང་ཐ་ན་རྒྱལ་ཡོངས་
    ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད་པ།

    སྨན་བཅོས་འགན་བཅོལ་དང་། སྨན་རྫས། སྨན་བཅོས་བཅས་མཉམ་འགུལ་གྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་འདོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་15ཉིན། 13:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཡན་ཧྭ་ནི་གོར་མོ་གྲོང་ཁྱེར་གྱི་སློབ་ཆུང་དགེ་རྒན་རེད། ཟླ་བ་གསུམ་གོང་ཁོ་མོས་མཚོ་སྔོན་ཞིང་ཆེན་སྨན་ཁང་དུ་རྣ་ལམ་གྱི་མཁྲིས་ཚིལ་སྐྲན་གཤགས་བཅོས་བྱས་པ་རེད། གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གཱ་ཁོ་ན་སྤྱད་ནས་ཡན་ཧྭ་ཡིས་སྨན་ཁང་དུ་སྡོད་པའི་འགྲོ་ལུགས་བདེ་བླག་ངང་གཉེར་བ་རེད།
         ཡན་ཧྭ་ཡིས་སྔ་རྗེས་སུ་སྨན་རིན་སྒོར་17000བཏང་བ་དང་སྨན་ཁང་ནས་འདོན་སྐབས་ཐད་ཀར་འགྲོ་སོང་སྒོར་12500བརྩི་ཞུ་བྱས་པས་རང་སོ་སོས་སྒོར་4500ལས་གཏོང་དགོས་བྱུང་མེད།
         “སྨན་ཁང་དུ་སྡོད་པའི་འགྲོ་ལུགས་གཉེར་བ་ནས་མཇུག་རྩིས་རྒྱག་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཀ་རེ་ཀོ་རེ་གཅིག་ཀྱང་མེད་པ་མ་ཟད། སྨན་ཁང་དུ་ཉིན་གཅིག་འཐོལ་པ་བསྡད་མེད་ལ། སྨན་རིན་སྐར་མ་གཅིག་ཀྱང་འཐོལ་པ་གཏོང་དགོས་མ་བྱུང”ཞེས་ཡན་ཧྭ་ཡིས་བཤད།
         མཚོ་སྔོན་དུ་ནད་པས་སྨན་པ་སྟེན་སྐབས་དེ་བས་སྟབས་བདེ་རུ་ཕྱིན་ཡོད། ནད་ཆེན་སྨན་བཅོས་འགན་བཅོལ་ལམ་ལུགས་དང་། རིམ་དབྱེ་སྨན་བཅོས་ལམ་ལུགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་སྤྱི་འདོམས། “སྔོན་ལ་སྨན་ཁང་དུ་སྡོད་པ་དང་དེ་རྗེས་འགྲོ་སོང་བརྩི་ཞུའི”སྨན་བཅོས་ཞབས་ཞུའི་དཔེ་དབྱིབས་གསར་པ་སོགས་ཀྱི་ཐད་མཚོ་སྔོན་ནུབ་རྒྱུད་དང་ཐ་ན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
         སྨན་བཅོས་འགན་བཅོལ་དང་། སྨན་རྫས། སྨན་བཅོས་བཅས་མཉམ་འགུལ་ལ་དམིགས་ཏེ་མཚོ་སྔོན་ཞིང་ཆེན་དང་ཞིང་ཆེན་སྲིད་གཞུང་གིས་ཕྱོགས་7དང་སྒྱུར་བཅོས་ཀྱི་ལས་འགན་གཙོ་བོའི་རྣམ་གྲངས་34གཏན་འཁེལ་བྱས་པ་དེ་དག་མིག་སྔར་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ་རེད། ད་ཆ་མཚོ་སྔོན་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཁྱབ་ཁོངས་སུ་སྨན་ཁང་དུ་སྡོད་པའི་སྨན་རིན་གྱི་གཏོང་སྤྲོད་སྡུར་ཚད་78%ཟིན་གྱི་ཡོད།
         མི་རིང་བའི་གོང་མཚོ་སྔོན་གྱིས་《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”སྨན་དང་སྨན་རྫས་འཕྲོད་བསྟེན་སྒྲིག་གཞིའི་སྒྱུར་བཅོས་ཟབ་གཏོང་འཆར་འགོད་》བཀྲམ་པ་རེད། 2020ལོར་སླེབས་སྐབས་མཚོ་སྔོན་གྱིས་མཚོ་སྔོན་གྱི་ཁྱད་ཆོས་དང་འཚམ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཙུགས་ནས་ཅུང་འཐུས་སྒོ་ཚང་བའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་སྨན་བཅོས་ཞབས་ཞུའི་མ་ལག་ཞིག་ཆགས་པར་བྱ་རྒྱུ་རེད།
         མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་སྒྲིག་གཞི་སྒྱུར་བཅོས་ཁྲུའི་ཁྲུའུ་ཀྲང་ལི་ཤིའུ་ཀྲུང་གིས་མཚོ་སྔོན་གྱི་སྨན་བཅོས་སྒྱུར་བཅོས་དེ་རིམ་དབྱེ་སྨན་བཅོས་དང་། དེང་རབས་ཀྱི་སྨན་ཁང་དོ་དམ། སྨན་བཅོས་འགན་ལེན། སྨན་རྫས་མཁོ་སྤྲོད་འགན་ལེན། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་སོགས་ལམ་ལུགས་ཁག་5འཛུགས་པའི་ཐད་ཚད་བརྒལ་ཡོང་བར་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།