འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་ཚོགས་འདུ་སྐབས་བཅུ་བདུན་པ་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་12ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། སྐབས་བཅུ་བདུན་པའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་འབྲེལ་ཚོགས་འདུ་དང་། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ་རེད།
          ཐེངས་འདིའི་གྲོས་ཚོགས་ནི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་འབྲེལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གུང་སི་ཁྲོན་ཞིང་ཨུད་ཀྱི་《སི་ཁྲོན་ཏང་གི་འཛུགས་སྐྱོང་》དུས་དེབ་ཁང་གིས་གཉེར་འགན་འཁུར་ལ། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་འབྲེལ་ཚོགས་འདུ་བཙུགས་ཚུན་ཁྲེང་ཏུའུ་གྲོང་ཁྱེར་དུ་ཚོགས་ཐེངས་ཐོག་མ་ཡིན་ཞིང་། ད་ཐེངས་པེ་ཅིང་དང་ལྗོངས་ཞིང་ལྔ་ཡི་ཚགས་པར་དང་དུས་དེབ། རྒྱང་སྒྲོག བརྙན་འཕྲིན། དྲ་བ་སོགས་བོད་ཡིག་སྨྱན་སྦྱོར་ལས་ཁུངས་60ལྷག་གི་ཚོགས་ཞུགས་མི་སྣ་100ལྷག་འཛོམས་ཡོད་པ་རེད།
          འགོ་ཚུགས་མཛད་སྒོར་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཀྲུའོ་ཡིས་ཤིས་ཚིག་སྒྲོན་བ་དང་། སི་ཁྲོན་ཏང་གི་འཛུགས་སྐྱོང་དུས་དེབ་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཀྲང་ཙེ་ཀང་གིས་གཏམ་བཤད་སྤེལ་བ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་གྱིས་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་གཏམ་བཤད་གནང་ཞིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་རྒྱལ་ཡོངས་བོད་ཡིག་བརྡ་ཆད་ཚད་ལྡན་ཅན་གྱི་ཨུ་ཡོན་ལྷན་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་གཞོན་པ་ཀྲོའུ་ཝེ་ཡིས་སྐུ་མགྲོན་གྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་དཔལ་ལྡན་དང་། ནན་ཅིན་སློབ་ཆེན་གསར་འགྱུར་སློབ་གླིང་གི་དགེ་རྒན་ཆེན་མོ་ཧྥང་ཡན་རྨིན། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་སྐུ་གཞོན་ཟླ་བ་ཚེ་རིང་སོགས་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། སི་ཁྲོན་ཏང་གི་འཛུགས་སྐྱོང་དུས་དེབ་ཚོགས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུའེ་ཕིན་གྱིས་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
          ཚོགས་འདུའི་རིང་། གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་ལོ་མང་རིང་དཀའ་སྤྱད་འབད་བརྩོན་བྱས་ནས་གསར་སྤེལ་བྱས་པའི་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་བོད་ཡིག་འཕྲུལ་ཀློག་དུས་དེབ་ཀུན་འདུས་ཞེས་པའི་ལག་རྩལ་གསར་གཏོད་ཀྱི་ལས་ཀ་ལེགས་འགྲུབ་བྱུང་ནས་སྐབས་འདིའི་སྨྱན་སྦྱོར་མཐུན་འབྲེལ་ཚོགས་འདུའི་དུས་སྐབས་དང་བསྟུན་ཏེ་དངོས་སུ་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཡང་སྤེལ་བ་རེད།
           དུས་ཡུན་ཉིན་3རིང་། མཐུན་འབྲེལ་ཚོགས་འདུས་2016ལོའིཟླ་7པ་ནས་2017ལོའི་ཟླ་6པའི་བར་གྱི་རྒྱལ་ཡོངས་ཀྱི་བོད་ཡིག་ཚགས་པར་དང་དུས་དེབ། རྒྱང་བསྒྲགས་བརྙན་འཕྲིན། དྲ་བ་སོགས་ཀྱི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་དང་ཕུལ་བྱུང་དཔྱད་རྩོམ་310ཙམ་ལ་དཔྱད་འདེམས་བྱས་པ་དང་། སྨྱན་སྦྱོར་ཚན་པ་ཁག་ནས་བཏོན་པའི་ཐ་སྙད་220ཙམ་གྱི་ཁྲོད་ནས་བོད་ཡིག་སྨྱན་སྦྱོར་གྱི་བརྡ་ཆད་གསར་པ་128གཏན་འབེབས་བྱས་པ། སྨྱན་སྦྱོར་ཚན་པ་11ནས་ཕེབས་པའི་ཆེད་ལས་མཁས་པས་སྨྱན་སྦྱོར་གསར་པའི་འཕེལ་རྒྱས་སྐོར་གྱི་འཆད་ཁྲིད་སྤེལ་བ་མ་ཟད། དུས་མཚུངས་ཁྲེང་ཏུའུ་ཡི་ཉེ་འཁོར་གྱི་བོད་ཀྱི་རིག་གནས་ཐོན་ལས་རྟེན་གཞིར་བཅར་འདྲིའི་བྱེད་སྒོ་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།