འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ལོ་གསུམ་ནང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300མན་གྱི་ས་ཁུལ་ཚང་
    མར་ཤིང་འཛུགས་ནགས་བཟོ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་ལོ་3ནང་ལོ་ལྟར་ནགས་བཟོ་མུའུ་ཁྲི་100ཡན་བྱས་ཏེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300མན་གྱི་ནགས་བཟོ་བྱ་རྒྱུར་འཚམ་པའི་ས་ཆར་ཤིང་འཛུགས་ནགས་བཟོ་བྱས་ནས་ཤང་གྲོང་དང་། གྲོང་ཚོའི་ཚོགས་ཆུང་། སྒོ་ར། ཞིང་དུད་བཅས་སུ་སྔོ་ལྗང་ལྗོན་ཤིང་ཁྱབ་ཐུབ་པ་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ནགས་བཟོའི་ལས་དོན་བཀོད་སྒྲིག་དེ་ཉིན་ཤས་གོང་དུ་པར་འགྲེམས་བྱས་པའི་《ཤིང་འཛུགས་ནགས་བཟོ་ཤུགས་ཆེན་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཏན་འབེབས་》གཞིར་བཟུང་སྤེལ་བ་ཞིག་ཡིན་ཞིང་། གཏན་འབེབས་ནང་2017ལོ་ནས་བཟུང་བོད་ལྮོངས་ཀྱིས་ལོ་ལྟར་ཤིང་འཛུགས་ནགས་བཟོ་རྒྱ་ཁྱོན་མུའུ་ཁྲི་100ཡན་དང་། འོས་འགན་ཤིང་འཛུགས་མུའུ་ཁྲི་10 ལྗོན་ཤིང་རྐང་ཁྲི་500བཅས་བྱ་རྒྱུ་དང་། ནགས་བཟོ་བྱ་རྒྱུར་འཚམ་པའི་ས་ཁུལ་དུ“ཆ་སྙོམས་མི་རེས་ལྗོན་ཤིང་རྐང་5རེ་འདེབས་རྒྱུ་དང་། དུད་ཚང་ཚང་མར་ལྗོན་ཤིང་ཡོད་པ། གྲོང་ཚོ་ཚང་མར་ལྗོན་ཤིང་ཡོད་པ”བཅས་ཀྱི་བླང་བྱ་གཞིར་བཟུང་དམངས་ཡོངས་ཀྱི་ཤིང་འཛུགས་དང་དམངས་ཡོངས་ཀྱི་ནགས་བཟོའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ལུགས་བཏོན་ཡོད།
         བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ཐིང་ཀྲང་ཡོན་ཏན་གྱིས“མེད་པ་བཟོ་རྒྱུ་ལྔའི”ནང“ལྗོན་ཤིང་མེད་པའི་དུད་ཚང་དང་ལྗོན་ཤིང་མེད་པའི་གྲོང་ཚོ”མེད་པ་བཟོ་རྒྱུ་གཙོ་གནད་དུ་བཞག་ཡོད། “ལྗོན་ཤིང་མེད་པའི་གྲོང་ཚོ”མེད་པ་བཟོ་བའི་ཐད་ཞིང་དུད་ཚན་པར་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ལྗོན་ཤིང་སྤྲད་དེ་དུད་ཚང་རེས་ཆ་སྙོམས་ལྗོན་ཤིང་རྐང་5ཡན་བཏབ་ནས་གསོན་ཐུབ་པ་བྱ་རྒྱུ་དང་། “ལྗོན་ཤིང་མེད་པའི་གྲོང་ཚོ་མེད་པ”བཟོས་ནས་གྲོང་ཚོ་དང་། འགྲོ་ལམ། ཐང་ཆེན། རགས་ཁ་བཅས་སྔོ་འགྱུར་ཡོང་བ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་ཞེས་བཤད།
         མཐིལ་རྟོགས་བསྡོམས་རྩིས་བྱས་པ་བརྒྱུད། བོད་ལྗོསས་ཀྱི་སྲིད་འཛིན་གྲོང་ཚོ་5469དང་དུད་ཚང་773939ཡི་ནང་ལྗོན་ཤིང་མེད་པའི་གྲོང་ཚོ་1079དང་ལྗོན་ཤིང་མེད་པའི་དུད་ཁྱིམ་104716 རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300མན་དུ་ཡོད་པ་དང་། ལྗོན་ཤིང་མེད་པའི་གྲོང་ཚོ་1201དང་ལྗོན་ཤིང་མེད་པའི་དུད་ཚང་143467 རྒྱ་མཚོའི་ངོས་ལས་མཐོ་ཚད་4300ཡན་དུ་ཡོད་པ་རེད།
         མེད་པ་བཟོ་རྒྱུའི་འཆར་གཞི་གཞིར་བཟུང་། 2017ལོར“ལྗོན་ཤིང་མེད་པའི་དུད་ཚང་དང་ལྗོན་ཤིང་མེད་པའི་གྲོང་ཚོར”རིམ་གྱིས་ལྗོན་ཤིང་འདེབས་རྒྱུ་དང་། 2018ལོར“ལྗོན་ཤིང་མེད་པའི་དུད་ཚང་དང་ལྗོན་ཤིང་མེད་པའི་གྲོང་ཚོར”རྩ་བའི་ཆ་ནས་ལྗོན་ཤིང་འདེབས་རྒྱུ། 2019ལོར་ལྗོངས་ཡོངས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300མན་ཁུལ་དུ་ཡོད་པའི“ལྗོན་ཤིང་མེད་པའི་དུད་ཚང་དང་ལྗོན་ཤིང་མེད་པའི་གྲོང་ཚོར”ལྗོན་ཤིང་འདེབས་རྒྱུ་བཅས་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4300ཡན་གྱི་ས་བབ་ཏུ་ལྗོན་ཤིང་(ལོ་མ་ཕྲ་རིགས་ཀྱི་ལྗོན་ཤིང་)སྐྱེ་ཐུབ་ཀྱི་མེད་པ་དང་། བོད་ལྗོངས་ཀྱི་ནག་ཆུ་ས་ཁུལ་གྱི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡན་དུ་རང་བྱུང་གི་ཆ་རྐྱེན་ཞན་པས་ཤིང་ཡག་པོ་སྐྱེ་ཐུབ་ཀྱི་མེད་ལ་ནག་ཆུ་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་ནག་ཆུ་གྲོང་རྡལ་དུ་ད་བར་ཤིང་འཛུགས་ནགས་བཟོ་བྱེད་པའི་ལས་དོན་ལ་གྲུབ་འབྲས་ཐོབ་མྱོང་མེད། མིག་སྔར་བོད་ལྗོངས་ཀྱིས་ནག་ཆུར་ཤིང་འཛུགས་ནགས་བཟོ་བྱེད་པའི་ཚན་རྩལ་འགག་སྒྲོལ་གྱི་རྣམ་གྲངས་གལ་ཆེན་ལག་བསྟར་བྱས་ནས་མཐོ་གྲང་ཁུལ་དུ་ནགས་བཟོ་བྱ་རྒྱུའི་ཚན་རྩལ་འགག་སྒྲོལ་གྱི་ལས་དོན་སྒྲུབ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།