འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་རང་རྒྱལ་གྱིས་རྒྱལ་སྤྱིའི་བདེ་ཐང་ཡུལ་སྐོར་དམིགས་ས་ཁག་གཅིག་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་14ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་5ཡིས་《བདེ་ཐང་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》མཉམ་འབྲེལ་ཐོག་པར་འགྲེམས་བྱས་ཏེ་2020ལོར་སླེབས་སྐབས་རྒྱལ་སྤྱིའི་བདེ་ཐང་ཡུལ་སྐོར་དམིགས་ས་ཁག་གཅིག་བསྐྲུན་ཐུབ་པ་བྱ་རྒྱུ་དང་། 2030ལོར་སླེབས་སྐབས་ཅུང་འཐུས་སྒོ་ཚང་བའི་བདེ་ཐང་ཡུལ་སྐོར་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཏེ་མང་ཚོགས་ཀྱི་རིམ་པ་མང་བ་དང་ཁྱད་ཆོས་ལྡན་པའི་ཞབས་ཞུ་དང་ཡུལ་སྐོར་གྱི་དགོས་མཁོ་སྐོང་རྒྱུ་ཡིན་ཞེས་བསྟན་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག བདེ་ཐང་ཡུལ་སྐོར་ཁྲོམ་ར་སྐྱེད་སྲིང་དང་འཕེལ་རྒྱས་འགྲོ་མགྱོགས་སུ་བཏང་སྟེ་བདེ་ཐང་དང་། ཡུལ་སྐོར། རྒན་གསོ་སོགས་མཉམ་བསྲེས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་མ་དངུལ་གཏོང་རྒྱུར་སྣེ་ཁྲིད་བྱས་ནས་སྨན་བཅོས་རྩེ་གྲ་དང་། ཀྲུང་ལུགས་གསོ་རིག་བདེ་སྲུང་། བདེ་སོས་ལུས་གསོ། ལུས་ཟུངས་གསོ་བ་སོགས་ཀྱི་ཐོན་རྫས་གསར་སྤེལ་བྱ་རྒྱུར་སྐུལ་འདེད་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
         ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་དང་གསར་གཏོད་ལ་བརྟེན་ནས་སྐུལ་སྤེལ་ནི་བདེ་ཐང་ཡུལ་སྐོར་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་དང་དོན་ལ་འབབ་ས་ཞིག་ཡིན། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་2020ལོར་སླེབས་སྐབས་རང་རྒྱལ་གྱིས་རང་སོའི་ཁྱད་ཆོས་ལྡན་པའི་བདེ་ཐང་ཡུལ་སྐོར་རྟེན་གཞི་ཁག་གཅིག་བསྐྲུན་ནས་བདེ་ཐང་ཡུལ་སྐོར་གྱི་ཁྱད་ལྡན་སྤུས་རྟགས་ཁག་གཅིག་གྲུབ་རྒྱུ་དང་། ས་ཁོངས་ཀྱི་ཁྱད་ཆོས་མི་འདྲ་བར་འཚམ་པའི་བདེ་ཐང་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་དབྱིབས་དང་དཔེ་མཚོན་ཉམས་མྱོང་ཁག་གཅིག་ཁྱབ་གདལ་གཏོང་རྒྱུ། རྒྱལ་སྤྱིའི་བདེ་ཐང་ཡུལ་སྐོར་དམིགས་ས་ཁག་གཅིག་བསྐྲུན་རྒྱུ་བཅས་དང་། 2030ལོར་སླེབས་སྐབས་འཐུས་སྒོ་ཚང་བའི་བདེ་ཐང་ཡུལ་སྐོར་ཞབས་ཞུའི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཏེ་བདེ་ཐང་ཡུལ་སྐོར་ཞབས་ཞུའི་ནུས་པ་ཆེ་རུ་འགྲོ་རྒྱུ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་རིམ་བཞིན་ལེགས་སུ་སོང་ནས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བས་ཀྲུང་གོ་འདི་ཉིད་བདེ་ཐང་ཡུལ་སྐོར་གྱི་དམིགས་སར་བརྩི་རྒྱུར་འདྲེན་འགུག་བྱས་ཐོག་ཐོན་ལས་འཕེལ་རྒྱས་ཀྱི་རིམ་པ་མཐོ་རུ་གཏོང་རྒྱུ་རེད་ཅེས་བཤད།
         མཁོ་སྤྲོད་ནུས་པ་ཆེ་རུ་དང་། འཛད་སྤྱོད་པའི་ཁྲོམ་ར་སྐྱེད་སྲིང་། སྲིད་ཇུས་ཁོར་ཡུག་ལེགས་གཏོང་བཅས་བྱ་ཆེད། བསམ་འཆར་ནང་གཙོ་གནད་ལས་འགན་ཁག་13བཀོད་སྒྲིག་བྱས་ཡོད། དེའི་ནང་སྨན་བཅོས་རྩེ་གྲ་དང་། ཀྲུང་གོའི་གསོ་བ་རིག་པའི་ཁྱད་ཆོས། བདེ་སོས་ལུས་གསོ། ལུས་ཟུངས་གསོ་བ་སོགས་བདེ་ཐང་ཡུལ་སྐོར་ཐོན་རྫས་འཕེལ་རྒྱས་གཏོང་རྒྱུ་དང་། ཚོང་ལས་བདེ་ཐང་སྨན་བཅོས་འགན་བཅོལ་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ། བདེ་ཐང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་ཁྲིད་སྟོན་སྲིད་ཇུས་ལེགས་སུ་བཏང་སྟེ་སྤྱི་ཚོགས་ཀྱི་མ་རྩ་བདེ་ཐང་ཡུལ་སྐོར་ཐོན་ལས་ནང་གཏོང་རྒྱུར་སྐུལ་འདེད་བྱ་རྒྱུ་སོགས་ཚུད་ཡོད་པ་རེད།
         བསམ་འཆར་ནང་། ཐོན་ཁུངས་ཆ་རྐྱེན་ལེགས་པ་དང་། དུས་འགོའི་ལས་ཀའི་རྨང་གཞི་ཡོད་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཕྱོགས་དང་མཐུན་པ་བཅས་ཀྱི་བདེ་ཐང་ཡུལ་སྐོར་རྣམ་གྲངས་ཁག་གཅིག་བདམས་ཏེ་རང་སོའི་ཁྱད་ཆོས་ལྡན་པའི་བདེ་ཐང་ཡུལ་སྐོར་གྱི་དཔེ་སྟོན་རྟེན་གཞི་བཙུགས་ནས་བདེ་ཐང་ཡུལ་སྐོར་གྱི་འཛད་སྤྱོད་པའི་ཚོགས་སྤྱིའི་ཁྲོམ་ར་བརྟན་པོ་ཞིག་ཆགས་པ་བྱེད་དགོས་པ་དང་། རྒྱལ་སྤྱིའི་དབར་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་སྤྱིའི་སྔོན་ཐོན་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔེ་བལྟས་ནས་རང་རྒྱལ་གྱི་བདེ་ཐང་ཡུལ་སྐོར་ཐོན་ལས་ཀྱི་ལག་རྩལ་དང་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།