འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་བོད་ཀྱི་ཐང་གའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་གཅིག་ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་21ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ད་ཕན་ལོ་ཤས་རིང་། “ཐང་གའི་ཚ་རླབས”རྒྱུན་ཆད་མེད་པར་འཕྱུར་བ་དང་བསྟུན་ནས། བོད་ཀྱི་ཐང་གའི་ཐོན་ལས་ཀྱི་སྤྱི་ཡོངས་ཀྱི་སྟོབས་ཤུཌ་དང་ཁྲོམ་རའི་འགྲན་རྩོད་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ཐོན་ལས་ཁྲུའི་ཁྲུའུ་ཀྲང་གཞོན་པ་ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་12བར། བོད་ཀྱི་ཐང་གའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་གཅིག་ལས་བརྒལ་ཡོད་པ་རེད།
        ནོར་བུ་ཚེ་རིང་གིས་ངོ་སྤྲོད་བྱས་པར། ད་ཕན་ལོ་ཤས་རིང་། ཐང་གའི་ཐོན་ལས་རྒྱུན་འཛིན་དང་སྲུང་སྐྱོང་ཐད་ནས་བརྗོད་ན། འབྲི་ལུགས་ཆེ་གྲས་འགའ་ཞིག་གི་རྒྱུན་འཛིན་དཔུང་ཁག་རིམ་བཞིན་སྟོབས་ཆེར་འགྲོ་བ་དང་། ཐང་གའི་སྒྱུ་རྩལ་གྱིས་སྲོལ་རྒྱུན་གྱི་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་ནུས་པ་དང་འདུ་ཤེས་གསར་གཏོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། “ཐང་ག་འགྲེམས་ཚོགས”ཐོག་ཐང་ག་བཞེངས་མཁན་གྱི་རིམ་པའི་དཔྱད་ཞིབ་དང་ཞིབ་བཤེར་གཏན་འཁེལ་ནང་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དཔྱད་ཞིབ་ཀྱི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་ཡིན་པའི་རྨང་གཞིའི་འོག ཐང་ག་བཞེངས་མཁན་གྱིས་ཐང་ག་བཞེངས་ཐུབ་པ་མ་ཟད། ཤེས་བྱ་སྔར་བས་མང་བ་ཁོང་དུ་ཆུད་པ་དང་། ཐང་གའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་དང་རིག་གཞུང་ཞིབ་འཇུག་ཐད་ཀྱི་རྣམ་པ་དེ་བས་ཟབ་པ་དང་ཐོན་པའི་གྲུབ་འབྲས་ཀྱང་སྔར་བས་མང་བ་ཡོད་དགོས། “འཚོག་ཉེར་ཡོད་པའི་སྐབས་དྲུག་པའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་ཐོག་བོད་ཀྱི་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས་ཀྱི་དཔྱད་རྩོམ་གཅེས་བསྡུས་པར་འགྲེམས་བྱ་རྒྱུ་རེད། མིག་སྔར། དཔྱད་རྩོམ་བསྡུ་རུབ་ལས་དོན་ལེགས་སྒྲུབ་ཟིན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་《བོད་ཀྱི་ཐང་གའི་ཐོན་ལས་འཕེལ་རྒྱས་ཀྱི་ལག་བསྟར་བསམ་འཆར་》བཏོན་པའི་ནང་ཤེས་ལྡན་མི་སྣའི་གསོ་སྐྱོང་འདུ་འགོད་དང་། ཐང་ག་བརྒྱའི་དཔེ་སྟོན་འདུ་འགོད། ཐང་གའི་ཁེ་ལས་སྐྱེད་སྲིང་འདུ་འགོད། ཐང་གའི་སྤུས་རྟགས་གཏོད་པའི་འདུ་འགོད། ཐང་གའི་ཐོན་ལས་གླིང་འཛུགས་སྐྲུན་འདུ་འགོད། ཐང་གའི་ཁྲོམ་རའི་མ་ལག་སྐྱེད་སྲིང་འདུ་འགོད་སོགས་ཀྱི་ལག་བསྟར་ཞིབ་སྲོལ་ཁ་གསལ་བཏོན་ཡོད། ད་དུང་བོད་ཀྱི་ཐང་གའི་ས་གནས་ཚད་གཞིའི་མ་ལག་ཀྱང་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད”ཅེས་ནོར་བུ་ཚེ་རིང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།