འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཉམས་མྱོང་ཐོག་ནས་ཧིན་རྡུ་ཉི་ཞི་ཡའི་མི་སེར་དབུལ་པོའི་ཁུལ་དབུལ་སྒྲོལ་
    བྱེད་རོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་28ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་58ལ་སླེབས་པའི་ཨེན་ཏང་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐའི་ལྕགས་ལམ་ཟུར་གྱི་མི་སེར་དབུལ་པོའི་ཁུལ་དུ་འཚོ་བ་སྐྱེལ་གྱི་ཡོད། འདི་གར་ནི་པང་ལེབ་དང་། ལྕགས་ཤོག འགྱིག་རས་བཅས་ལས་གྲུབ་པའི་སྡོད་ཁང་སྐྱོ་ཁུལ་ཞིག་ཡིན། སྡོད་ཁང་གི་མདུན་དུ་སྦྲུལ་ལྤགས་ཁུག་མ་དང་། ཁྲོ། ཆུ་དམ་སོགས་འཚོ་བའི་མཁོ་ཆས་མང་པོ་བཞག་ཡོད་པས་ས་ཆ་གུ་དོག་པས་མི་འགྲོ་དཀའ་བ་དང་མུན་ནག་གི་ཁང་པའི་ནང་རྩངས་པ་ཁ་རལ་དང་གནོད་འབུ་ཀྲང་ལང་གང་སར་མཐོང་རྒྱུ་ཡོད།
         ཨེན་ཏང་ནི་ཧིན་རྡུ་ཉི་ཞི་ཡའི་མི་སེར་དབུལ་པོའི་ཁུལ་གྱི་གྲོང་མི་སྟོང་ཕྲག་མང་པོའི་ནང་གི་གྲས་ཤིག་ཡིན། ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གིས་2014ལོར་བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་མངོན་པར། རྒྱལ་ཡོངས་སུ་མི་སེར་དབུལ་པོའི་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་38000ཟིན་པ་དང་མི་ཁྲི་2900ཙམ་མི་སེར་དབུལ་པོའི་ཁུལ་དུ་འཚོ་བ་སྐྱེལ་གྱི་ཡོད་པས། ཅ་ཁར་ཐ་ཁོ་ནར་ཡང་མི་འབོར་མི་སེར་དབུལ་པོ་གཅིག་སྡུད་ཁུལ་392ཡོད་པ་རེད།
         ཨེན་ཏང་ལ་ཆ་མཚོན་ན། ཁོང་གིས་གད་སྙིགས་སྒྲུག་གི་ཡོད་པ་དང་ཡོང་འབབ་བརྟན་པོ་མེད་པས་གཙོ་བོ་བཟའ་ཟླས་ཟས་རིགས་ཙག་ཙིག་བཙོངས་ནས་འཚོ་བ་སྐྱེལ་གྱི་ཡོད། ཉིན་གཅིག་ལ་ཡོང་འབབ་མང་ཤོས་ཧིན་རྡུ་ཉི་ཞི་ཡའི་སྒོར་མོ་75000(མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་37.5)རག་གི་ཡོད། འོན་ཀྱང་ཉིན་རེའི་འགྲོ་སོང་ཁོ་ནར་ཧིན་རྡུ་ཉི་ཞི་ཡའི་སྒོར་མོ་60000(མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་30)ཙམ་གཏོང་དགོས་ཀྱི་ཡོད་པ་རེད།
         ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གིས་2015ལོ་ནས་2019ལོའི་བར་གྱི་དུས་འབྲིང་གི་འཆར་འགོད་བཟོས་པའི་ནང་། ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གིས་2019ལོའི་གོང་དུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཆེ་ཁག་ཡོངས་སུ་དྭངས་གཙང་ཆུ་དང་འཕྲོད་བསྟེན་སྒྲིག་ཆས་ཁྱབ་པ་བྱེད་པ་དང་འབྲེལ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་སེར་དབུལ་པོའི་ཁུལ་མི་ལྷག་པ་བྱ་རྒྱུའི་ཁས་བླངས་ཡོད། འོན་ཀྱང་ཧིན་རྡུ་ཉི་ཞི་ཡའི་རིགས་གཅིག་མཁས་ཅན་གྱིས་འཆར་གཞི་དེ་ཅུང་ཟད་ཐལ་དྲགས་པས་མངོན་འགྱུར་བྱེད་ཁག་པོ་ཡོད་ཅེས་བཤད།
         ཧིན་རྡུ་ཉི་ཞི་ཡའི་ནོར་སྲིད་པུའུ་ཀྲང་དབྱིང་ཀྲུའོ་ཧྭ་ཡིས་ཉེ་ཆར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་67སོང་ཚུན། དཔལ་འབྱོར་དར་རྒྱས་ཕྱིན་པ་མ་ཟད། མི་དམངས་དུང་ཕྱུར་ཁ་ཤས་དབུལ་སྒྲོལ་ཐུབ་རོགས་བྱས་ཡོད། ཚད་གཞི་གང་འདྲ་ཞིག་གི་ངོས་ནས་བསམ་བློ་བཏང་ཡང་འདི་ནི་སྤྱིར་བཏང་མིན་པའི་གྲུབ་འབྲས་ཤིག་རེད་ཅེས་བཤད།
         “ངས་གོ་ལ་ཧྲིལ་པོས་ལོ་ངོ་སྟོང་ཕྲག་གི་འཕེལ་རྒྱས་དམིགས་ཚད་དོན་འཁྱོལ་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་མང་ཆེ་བ་ནི་ཀྲུང་གོ་ལ་བརྟེན་ནས་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད”ཁོང་གིས“ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་ཁྱབ་ཁོངས་ཁག་ལ་སྔར་བཞིན་མཉམ་ལས་བྱེད་པའི་མི་མངོན་པའི་སྟོབས་ཤུགས་མང་པོ་ལྡན་ཡོད་པ་དང་། རྒྱལ་ཁབ་གཉིས་དབར་མཚོ་ཐོག་དང་གཞི་རྩའི་འཛུགས་སྐྲུན་ཐད་མཉམ་ལས་བྱས་ན་ཕན་པ་ཐོབ་སྲིད། དབུལ་པོ་ཉུང་གཏོང་དང་ཁྲལ་བསྡུའི་ཁྱབ་ཁོངས་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་དེས་ཧིན་རྡུ་ཉི་ཞི་ཡའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བཤད།
         འདི་ལོའི་ཟླ་6པར། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་འཛམ་གླིང་དངུལ་ཁང་དང་ཟུང་འབྲེལ་བྱས་ནས་མ་དངུལ་མཉམ་བསྡུ་བྱས་ཏེ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ཀྱི་མི་སེར་དབུལ་པོའི་ཁུལ་རིམ་སྤོར་རྣམ་གྲངས་ལ་དངུལ་གཡར་རྩིས་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། “མི་སེར་དབུལ་པོའི་ཁུལ་རིམ་སྤོར་སྒྱུར་བཀོད་བྱ་རྒྱུ་ནི་ཧིན་རྡུ་ཉི་ཞི་ཡའི་སྐབས་རིམ་བྱུང་གི་སྲིད་གཞུང་གི་དབུལ་སྐྱོར་ལས་ཀའི་ནང་དོན་གལ་ཆེན་ཡིན། འོན་ཀྱང་ས་ཆ་བསྡུ་བ་དང་མ་དངུལ་སོགས་གནད་དོན་གྱིས་ནར་འགྱངས་བྱེད་དགོས་བྱུང་བས། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་འཛམ་གླིང་དངུལ་ཁང་གི་མ་དངུལ་གྱིས་ཧིན་རྡུ་ཉི་ཞི་ཡའི་མི་སེར་དབུལ་པོའི་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་སྟེ་བསྟུན་མཁས་ངང་འཕར་རྒྱུར་ལེགས་སྐྱེལ་འབུལ་ཐུབ་པའི་ཡིད་ཆེས་ཡོད”ཅེས་ཧིན་རྡུ་ཉི་ཞི་ཡའི་ཆབ་སྲིད་དབྱེ་ཞིབ་མི་སྣ་ལི་ཀྲུའོ་ཧུའེ་ཡིས་བཤད།
         ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང་རྒྱལ་ཁབ་ཀྱི་མི་སེར་དབུལ་པོའི་ཁུལ་རིམ་སྤོར་སྒྱུར་བཀོད་ཀྱི་འཆར་གཞིར་རྒྱུས་མངའ་དེ་ཙམ་མེད་ཀྱང་། མི་སེར་དབུལ་པོའི་ཁུལ་གྱི་འཚོ་བ་ལས་མགྱོགས་མྱུར་སྒྲོལ་རོགས་བྱ་རྒྱུ་ཡིན་པ་ཤེས་སྟབས་ཨེན་ཏང་དགའ་ཚོར་ཆེན་པོ་བྱུང། “ང་སྔ་ས་ནས་ཁང་གླ་ཁེ་བའི་སྤྱི་ཤག་ནང་སྤོ་འདོད་ཡོད”ཅེས་ཉེ་འགྲམ་གྱི་གྲོང་མིའི་ཐོག་ཁང་སྟར་པ་ཞིག་ལ་མཛུབ་མོ་བཙུགས་ནས“སྲིད་གཞུང་དང་ཀྲུང་གོས་ང་ཚོའི་ཕུགས་མདུན་མགྱོགས་པོ་མངོན་འགྱུར་བྱེད་པའི་རེ་བ་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།