འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་པུའི་འགན་ཁུར་བས་མངོན་མིན་རིག་གནས་ཤུལ་བཞག་ལ་ཕྱོགས་ལྔའི་
    ཐད་ནས་ངོས་འཛིན་བྱེད་དགོས་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་01ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་འཚོགས་པའི་སྲོལ་རྒྱུན་བཟོ་རྩལ་གཞོན་ནུ་ཤེས་ལྡན་མི་སྣའི་གླེང་སྟེགས་ཐོག་རིག་གནས་པུའི་པུའུ་ཀྲང་གཞོན་པ་ཤང་ཀྲའོ་ལུན་གྱིས“མངོན་མིན་རིག་གནས་ཤུལ་བཞག་ལ་ངོས་འཛིན་ཡང་དག་པ་བྱ་རྒྱུ་ནི་ཡང་དག་དང་ནུས་ལྡན་གྱི་སྒོ་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན”《མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་སྤྱི་ཆིངས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས་》ལ་གོ་བ་ཡང་དག་བླངས་ནས་རང་རྒྱལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་གྱི་དངོས་ཡོད་གནས་ཚུལ་ལ་ཕྱི་རོལ་ཡུལ་དང་མཐུན་པའི་ངོས་འཛིན་བྱེད་པར་ཕྱོགས་ལྔའི་ཐད་ཧ་ཅང་གལ་འགངས་ཆེ་བ་སྟེ།
         གཅིག་ནས་མངོན་མིན་རིག་གནས་ཤུལ་བཞག་ནི་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་མཐའ་འཁོར་གྱི་ཁོར་ཡུག་དང་འཕྲོད་པ་དང་དེ་བཞིན་རང་བྱུང་ལོ་རྒྱུས་དང་མཉམ་འགུལ་བྱེད་པའི་ཁྲོད་རྒྱུན་ཆད་མེད་པར་ཐོབ་པ་དང་སླར་ཡང་གསར་གཏོད་བྱས་པའི་རིག་གནས་ཤུལ་བཞག་ཅིག་ཡིན་པ་དེར་འབྲེལ་ཡོད་སྡེ་ཁུལ་དང་མང་ཚོགས་ལ་མཁོ་འདོན་བྱེད་པའི་ངོས་འཛིན་གཅིག་མཐུན་གྱི་ཚོར་བ་དང་རྒྱུན་མཐུད་ཀྱི་ཚོར་བའི་རིག་གནས་ཀྱི་དོན་སྙིང་དང་སྤྱི་ཚོགས་ཀྱི་ནུས་པ་ལྡན་ཡོད། རིག་གནས་ཤུལ་བཞག་དེ་རིགས་ནི་གསོན་ཉམས་ལྡན་པ་ཞིག་ཡིན་པ་ལས་འགྱུར་བ་མེད་པ་ཞིག་མིན། དེ་ནི་དེ་རིང་གི་འཚོ་བའི་ནང་སྲོལ་རྒྱུན་གྱི་མངོན་ཚུལ་ཞིག་ཡིན་ལ་རྒྱུན་འཛིན་ཁྲོད་མི་དམངས་མང་ཚོགས་ལ་རྒྱུན་ཆད་མེད་པར་སྦྱིན་པའི་བློ་གྲོས་དང་གསར་གཏོད་ཀྱི་ནུས་པ་ཡང་ཡིན། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་པ་གཙོ་བོ་ནི་སྤྱི་ཚོགས་ཀྱི་ལག་ལེན་དང་། བསམ་བློའི་འཁྱེར་སོ། མཚོན་ཚུལ། ཤེས་བྱ་དང་རྩལ་ནུས་བཅས་ཡིན་པ་དང་གཞི་རྟེན་ནི་འབྲེལ་ཡོད་ཀྱི་ལག་ཆ་དང་། དངོས་པོ། རིག་གནས་བར་མཐོངས་སོགས་ཡིན། མངོན་མིན་རིག་གནས་ཤུལ་བཞག་ནི་ལག་ལེན་ཁྲོད་རྒྱུན་འཛིན་བྱས་པ་ཞིག་ཡིན་པ་དང་ལག་ལེན་ནི་སྒུལ་ནུས་ཡིན་ལ་གསར་གཏོད་རང་བཞིན་ལྡན་པ་ཞིག་ཀྱང་ཡིན། དེར་བརྟེན་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་ནི་སྒུལ་ནུས་ཡིན་པ་ལས་དགེ་མཚན་མེད་པ་ཞིག་མིན། སྤྱི་ཚོགས་ཀྱི་གྲུབ་ཆ་དང་འཚོ་བ་སྐྱེལ་སྟངས་སོགས་མངོན་མིན་རིག་གནས་ཤུལ་བཞག་གྲུབ་པ་དང་རྒྱུན་མཐུད་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་རྒྱབ་ལྗོངས་འོག མངོན་མིན་རིག་གནས་ཤུལ་གཞག་གི་དེང་སྐབས་ཀྱི་ལག་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དེས་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་འཕེལ་བ་དང་སྲུང་སྐྱོང་བྱ་རྒྱུ་དང་མིའི་རིགས་ཀྱི་རིག་གནས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་ཕུན་སུམ་ཚོགས་སུ་གཏོང་བར་ཧ་ཅང་གལ་འགངས་ཆེ་བའི་ནུས་པ་ཐོན་གྱི་ཡོད།
         གཉིས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་དོ་དག་ནི་སྡེ་ཁུལ་དང་ཚོགས་སྤྱི་ཡིན་ལ་སྐབས་འགར་ཡང་མི་སྒེར་ཡིན། རིམ་ཁག་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་བྱེད་མཁན་ནི་རྒྱ་ཆེའི་རྒྱུན་འཛིན་པ་དང་ལག་ལེན་པའི་ཚོགས་སྤྱིའི་འཐུས་མི་ཡིན། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་མང་ཆེ་བ་ནི་ཚོགས་སྤྱིའི་ཁོངས་མིས་མཉམ་སྤྱོད་བྱེད་པའི་ཤུལ་བཞག་ཡིན་པ་དང་གཙོ་བོ་མཉམ་སྡེབ་རྒྱུན་འཛིན་དང་རྒྱུན་མཐུད་རང་བཞིན་བརྒྱུད་དེ་སླར་ཡང་གསར་གཏོད་བྱས་ནས་ཉར་ཚགས་དང་འཕེལ་རྒྱས་བྱུང་ཡོད། རྒྱུན་འཛིན་པ་སྲུང་སྐྱོང་དང་སྟོབས་ཆེར་གཏོང་རྒྱུ་ནི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པའི་ཁྲོད་ལོ་རྒྱུས་ཀྱི་སྙིང་བཅུད་རྒྱུན་མཐུད་དང་མི་རིགས་ཀྱི་ཁྱད་ཆོས་ནམ་ཡང་གནས་པ་བྱེད་པ་དང་འབྲེལ། དེང་སྐབས་འཚོ་བའི་ཁྲོད་འཕེལ་རྒྱས་ཆེན་པོ་བྱུང་བའི་རྨང་གཞི་ཞིག་ཡིན།
         གསུམ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་དོ་བདག་སྡེ་ཁུལ་དང་། ཚོགས་སྤྱི། མི་སྒེར་བཅས་ནི་རྒྱུན་འཛིན་པ་དང་ལག་ལེན་པ་ཡིན་ལ་གསར་གཏོད་པ་ཡང་དེ་བས་ཡིན། ཁོང་ཚོ་ནི་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་གཏོང་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། སྡེ་ཁུལ་དང་། ཚོགས་སྤྱི། མི་སྒེར་བཅས་དེ་དག་གིས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་དབང་ཆ་སྤྱོད་པའི་བརྒྱུད་རིམ་ནང་། ཁེ་ཕན་ཐོབ་པའི་དབང་ཆ་དང་། གསར་གཏོད་རང་བཞིན་མཚོན་པའི་དབང་ཆ། དེ་བཞིན་སློབ་སྦྱོང་དང་། སློབ་གསོ། གསོ་སྦྱོང་བཅས་དང་ལེན་བྱེད་པའི་དབང་ཆ་ལོངས་སུ་སྤྱོད་ཆོག་གི་ཡོད། རྒྱུན་འཛིན་ཚོགས་སྤྱིའི་བྱེད་པོའི་གནས་བབ་དང་དབང་ཆར་བརྩི་འཇོག་བྱ་རྒྱུ་ནི་མངོན་མིན་རིག་གནས་ཤུལ་བཞག་ལས་དོན་གྱི་རྩ་དོན་གལ་ཆེན་ཞིག་ཡིན།
         བཞི་ནས་སྲུང་སྐྱོང་བྱེད་ཐབས་ནུས་ལྡན་ནི་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་འགན་ལེན་ཐུབ་མིན་གྱི་བྱེད་ཐབས་ཤིག་ཡིན། བྱེད་ཐབས་དེ་དག་ནང་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས་ནང་གསལ་པོར་འཁོད་པའི་ངོས་འཛིན་དང་། ཟིན་ཐོ། ཡིག་ཚགས་བཟོ་བ། རྒྱུན་འཛིན། བརྒྱུད་སྤེལ་སོགས་ཀྱི་བྱེད་ཐབས་ཚུད་ཡོད་ལ་སྤྱི་ཆིངས་ནང་བཏོན་པའི་གཏན་འཁེལ་དང་། ཡིག་ཚགས་བཟོ་བ། ཞིབ་འཇུག ཉར་ཚགས། སྲུང་སྐྱོང་། དྲིལ་བསྒྲགས། དར་སྤེལ། རྒྱུན་འཛིན་(ལྷག་པར་དུ་དངོས་གཞི་དང་དངོ་གཞི་མ་ཡིན་པའི་སློབ་གསོ་ཐེབས་པ་བརྒྱུད་)བཅས་དང་དེ་བཞིན་དར་རྒྱས་སོགས་ཀྱི་བྱེད་ཐབས་ཀྱང་ཚུད་ཡོད།
         ལྔ་ནི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འཕོ་འགྱུར་ཕྱིན་པར་བརྟེན། ལག་ཤེས་བཟོ་རྩལ་གྱིས་འཚོ་ཐབས་བྱེད་པའི་སྲོལ་རྒྱུན་གྱི་བཟོ་རྩལ་རྣམ་གྲངས་ཀྱི་རྒྱུན་འཛིན་པ་ཁག་གཅིག་ལ་ཐོན་ཟོག་གི་དགོས་མཁོ་ཉམས་ཞན་དུ་སོང་བ་དང་ཡོང་འབབ་དམའ་བས་འཚོ་ཐབས་ཀྱི་དཀའ་གནད་དེ་ཙམ་སེལ་མི་ཐུབ་པའི་གནད་དོན་འཕྲད་ཀྱི་ཡོད། དེར་བརྟེན་གཞོན་ནུ་ཁག་གཅིག་ལག་ཤེས་བཟོ་རྩལ་སློབ་སྦྱོང་དང་རྒྱུན་འཛིན་བྱེད་མི་འདོད་པས་རྒྱུན་འཛིན་པ་དཀོན་དུ་འགྲོ་གི་ཡོད། དེ་ནི་ང་ཚོས་ངེས་པར་དུ་མཐོང་ཆེན་བྱེད་དགོས་པའི་གནད་དོན་ཞིག་ཡིན། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་། འཚོ་བ་ལེགས་སུ་དང་ཕུན་སུམ་ཚོགས་སུ་གཏོང་རྒྱུ་གཅིག་གྱུར་ཡོང་བ་བྱས་ཏེ་གཞོན་ནུས་མངོན་མིན་རིག་གནས་ཤུལ་བཞག་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་དང་དེའི་ནང་ཞུགས་རྒྱུའི་ཧུར་སེམས་ཆེ་རུ་གཏོང་བ་དང་མངོན་མིན་རིག་གནས་ཤུལ་བཞག་གི་གསོན་ཤུགས་དང་གཏིང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་ཆད་མེད་པར་དར་སྤེལ་གཏོང་རྒྱུ་ནི་མངོན་མིན་རིག་གནས་ཤུལ་བཞག་ལས་དོན་གྱི་དམིགས་ཚད་གལ་ཆེན་ཞིག་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།