འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་སྐྱེ་བོ་ཀུན་གྱིས་ཀྲུང་གོའི“འཇིག་རྟེན་མིག”ལ་དོ་སྣང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་27ཉིན། 08:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན་ཁ་ཞེང་སྨི་500ཡོད་པའི་ཟླུམ་ངོས་གློག་རླབས་གནམ་དཔྱད་རྒྱང་ཤེལ་དེ་ཀུའེ་ཀྲོའུ་ཕིང་ཐང་དུ་སྤྱོད་འགོ་ཚུགས་ཤིང་། “འཇིག་རྟེན་མིག་”ཅེས་འབོད་པའི་གནམ་དཔྱད་རྒྱང་ཤེལ་ཆེན་པོ་དེའི་ལྟ་ཞིབ་ཚད་ལེན་ནུས་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་དང་འབྲེལ་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ཀྲུང་གོས་ཚན་རྩལ་གྱི་མདུན་ཕྱོགས་སུ་སླར་ཡང་སྐྱོད་པར་བསྔགས་བརྗོད་ཡང་ཡང་བྱས་པ་རེད།
         ལག་རྩལ་དེ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ།
         རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་ཀྲུང་གོའི“འཇིག་རྟེན་མིག་”དེ་ནི་འཛམ་གླིང་ཐོག་ཁ་ཞེང་ཆེ་ཤོས་ཀྱི་གློག་རླབས་གནམ་དཔྱད་རྒྱང་ཤེལ་ཞིག་ཡིན་ཞེས་ངོ་སྤྲོད་བྱས་ཤིང་། དབྱིན་ཇིའི་《ཉིན་རེའི་གློག་འཕྲིན་ཚགས་པར་》ཐོག“ཀྲུང་གོས་འཛམ་གླིང་ཐོག་གི་གནམ་དཔྱད་རྒྱང་ཤེལ་ཆེ་ཤོས་དེ་སྤྱོད་འགོ་ཚུགས་”ཡོད་པ་དང་གནམ་དཔྱད་རྒྱང་ཤེལ་དེའི་ཁ་ཞེང་སྨི་500ཡོད་པས་ད་བར་ཟིན་ཐོ་ཆེ་ཤོས་རྒྱུན་འཁྱོངས་བྱེད་མཁན་ཞིག་ཡིན། པའོ་ཏུའོ་ལི་ཀེ་རུ་གནས་པའི་ཁ་ཞེང་སྨི་300ཡོད་པའི་ཨ་ལེ་ཤིས་པོ་གནམ་དཔྱད་རྒྱང་ཤེལ་ལས་ལེགས་པ་ཡོད་ཅེས་བརྗོད་ཡོད།
         “ཀྲུང་གོས་འཛམ་གླིང་ཐོག་གི་གློག་རླབས་གནམ་དཔྱད་རྒྱང་ཤེལ་ཆེ་ཤོས་དེ་བཟོས་ཡོད། དེ་ནི་འཇིག་རྟེན་ས་ཚིགས་ལྟ་བུ་འདུག་”ཅེས་རི་པིན་གྱི་ཆེད་ལས་བར་སྣང་ས་ཚིགས་soraeཡིས་གནས་ཚུལ་སྤེལ་བའི་ནང་ཧང་སངས་ནས་བརྗོད་ཡོད། དྲ་ཚིགས་དེའི་ཐོག་གནམ་དཔྱད་རྒྱང་ཤེལ་གྱི་ངོས་ནས་བརྗོད་ན། “གཞི་ཁྱོན་ནི་ནུས་པ་ཞིག་ཡིན་”དེར་བརྟེན་ཀྲུང་གོའི“འཇིག་རྟེན་མིག་”ལ་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ཆེན་པོ་ལྡན་པ་དང་འཕྲིན་བརྡ་ཧ་ཅང་སྐྱོ་བའི་རྩ་འཕར་འགྱུར་སྐར་འཚོལ་ཐུབ་ཀྱི་ཡོད་ཅེས་བརྗོད་ཡོད།
         ཀྲུང་གོའི“འཇིག་རྟེན་མིག”དེ་རྒྱལ་སྤྱིའི་ ཇུས་གཞིར་གྱུར་པ།
         རྒྱལ་སྤྱིའི་གོམས་སྲོལ་ལྟར་ན། རྒྱལ་ཁབ་ཁག་གི་ཚན་རིག་མཁས་ཅན་ཚང་མས་གནམ་དཔྱད་རྒྱང་ཤེལ་ཆེ་གྲས་ཀྱི་ལྟ་ཞིབ་ཚད་ལེན་གྱི་དུས་ཚོད་རེ་ཞུ་བྱེད་ཆོག་གི་ཡོད། འཇར་མན་རླུང་འཕྲིན་བརྙན་འཕྲིན་དྲ་ཚིགས་ཀྱིས་སྤེལ་བའི་འཕྲིན་སྤེལ་ནང་གནམ་དཔྱད་རྒྱང་ཤེལ་ཆེན་པོ་དེ་བརྒྱུད་བར་སྣང་འཚོལ་ཞིབ་ཁྱབ་ཁོངས་ཐད་ཀྱི་ཀྲུང་གོའི་རྒྱལ་སྤྱིའི་ཤུགས་རྐྱེན་མུ་མཐུད་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྗོད་ཡོད།
         ཝ་ཁོ་ཁེ་ཡིས་ཀྲུང་གོའི“འཇིག་རྟེན་མིག་”སྤྱོད་པའི་བརྒྱུད་རིམ་ཁྲོད་ཀྲུང་གོའི་ཚན་རིག་མཁས་ཅན་ཚོས་སྔོན་ལ་ལྟ་ཞིབ་ཚད་ལེན་གྱིས་དུས་སྐབས་སྔོན་འདེམས་བྱེད་ཆོག་ལ། འཛམ་གླིང་ཐོག་གི་གནམ་དཔྱད་རིག་པ་མཁས་ཅན་ཚོས་ཀྱང་རང་ཉིད་ཀྱི་ལྟ་ཞིབ་ཚད་ལེན་ཇུས་གཞི་བཏོན་ནས་འགྲན་རྩོད་བེད་སྤྱོད་ནང་ཞུགས་ཆོག་ཅེས་བཤད།
         ཝ་ཁོ་ཁེ་ཡིས་དེ་བས་རྒྱ་ཁྱབ་ངང་རྒྱལ་སྤྱིའི་སྤྱི་ཚོགས་ལ“འཇིག་རྟེན་མིག་”གི་གནམ་དཔྱད་རྒྱང་ཤེལ་བསྟན་པ་དེ་ཐོག་ནས་ཀྲུང་གོས་གནམ་དཔྱད་རིག་པ་དེ་གོ་ལ་ཧྲིལ་པོའི་ཚན་རིག་བྱ་གཞག་ཏུ་འཕེལ་རྒྱས་གཏོང་རྒྱུའི་རྣམ་འགྱུར་མངོན་ཡོད་ཅེས་ནན་བཤད་བྱས་ཡོད། ཁོང་གིས“འཛམ་གླིང་ཐོག་གི་གནམ་དཔྱད་མཁས་ཅན་ཚང་མས་ཀྲུང་གོས་དེ་ལྟ་བུའི་གནམ་དཔྱད་རྒྱང་ཤེལ་བཟོས་པར་ཐུགས་རྗེ་ཆེ་ཞུ་དགོས། དེས་ང་ཚོར་བསམ་ཚོད་དཀའ་བའི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོད་”ཅེས་བཤད།
         ས་གོ་ལའི་ཕྱི་རོལ་གྱི་ཤེས་དཔལ་གྱི་གནས་ཚུལ་འཚོལ་ཞིབ་ཐུབ་པ།
         ཝ་ཁོ་ཁེ་ཡིས“ཀྲུང་གོའི‘འཇིག་རྟེན་མིག་’ལ་གསར་གཏོད་རང་བཞིན་གྱི་ཇུས་གཞི་དང་། ས་ཁོངས་ཆེན་པོར་ལྟ་ཞིབ་ཚད་ལེན་བྱེད་པའི་ནུས་པ། བསྡུར་ཐབས་བྲལ་བའི་ལྟ་ཞིབ་ཚད་ལེན་གྱི་མྱུར་ཚད་དང་ཤེས་ཚོར་ནུས་པ་བཅས་ལྡན་ཡོད། དེས་མ་འོངས་ལོ་བཅུ་གྲངས་ནང་ས་གོ་ལའི་ཕྱི་རོལ་གྱི་ཤེས་དཔལ་གཞན་བཙལ་འཚོལ་ཐུབ་རྒྱུར་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་ཐུབ། ང་ཚོས་ཀྲུང་གོ་འདི་ཉིད་ས་གོ་ལའི་ཕྱི་རོལ་དུ་ཤེས་དཔལ་གཞན་བཙལ་འཚོལ་བྱེད་མཁན་གྱི་འཛམ་གླིང་གི་སྣེ་ཁྲིད་པའི་གྲས་སུ་འགྱུར་རྒྱུའི་སྔོན་དཔག་བྱེད་ཆོག་”ཅེས་བཤད།
         འཇར་མན་《ཧྥ་ལན་ཁེ་ཕུའུ་ཕྱོགས་བསྡུས་ཚགས་པར་》གྱི་དྲ་ཚིགས་ཐོག“དེ་ནི་འཇིག་རྟེན་ཐོག་དོ་ཟླ་བྲལ་བའི་འདུ་འགོད་ཅིག་ཡིན། ཀྲུང་གོས་བཟོས་པའི་གནམ་དཔྱད་རྒྱང་ཤེལ་དེས་རྩ་འཕར་འགྱུར་སྐར་འཕྲིན་བརྡ་སྐྱོ་གྲས་བཙལ་འཚོལ་ཐུབ་པ་དེ་གནམ་དཔྱད་འཕྲུལ་ཆས་གཞན་གྱིས་བསྒྲུབ་མི་ཐུབ་ལ། ལག་རྩལ་དེས་རྒྱལ་སྤྱིའི་ཐོག་གོ་ལ་ཕུད་པའི་གནས་གཞན་དུ་ཚེ་སྲོག་ཡོད་མེད་བཙལ་འཚོལ་བྱ་རྒྱུར་རྒྱབ་སྐྱོར་མཁོ་འདོན་བྱེད་ཐུབ་”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།