འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་དམིགས་བསལ་སློབ་མའི་སློབ་གསོའི་དཔྱད་དཔོག་ལྟེ་གནས་དང་པོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་27ཉིན། 08:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན་རྒྱལ་ཡོངས་ཀྱི་དམིགས་བསལ་སློབ་མའི་སློབ་གསོའི་དཔྱད་དཔོག་ལྟེ་གནས་དང་པོ་སྟེ། ཧྲང་ཧའེ་གྲོང་ཁྱེར་དམིགས་བསལ་སློབ་མའི་སློབ་གསོའི་དཔྱད་དཔོག་ལྟེ་གནས་བཙུགས་ཤིང་། དཔྱད་དཔོག་ལྟེ་གནས་དེའི་གྲོན་དངུལ་ཚང་མ་སྲིད་གཞུང་གིས་འགན་ལེན་བྱེད་ཀྱི་ཡོད་པས་སློབ་མ་ཚོར་སློབ་གསོའི་དཔྱད་དཔོག་བྱེད་པར་གྲོན་དངུལ་བསྡུ་གི་མེད་པ་རེད།
         ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། དཔྱད་དཔོག་ལྟེ་གནས་དེར་ཆེད་ལས་ནུས་པ་ཅུང་ཆེན་པོ་ལྡན་པའི་ཆེད་འགན་འཁུར་མཁན་ལས་དོན་མི་སྣ་བཀོད་སྒྲིག་བྱས་ནས་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་ཚོགས་པ་ཡང་བཙུགས་ཡོད། གཞན་ཡང་ལྟེ་གནས་དེས་ཧྲང་ཧའེ་ཡི་དམིགས་བསལ་སློབ་གསོ་དང་གསོ་རིག་ཁྱབ་ཁོངས་ཀྱི་ཤུགས་རྐྱེན་ཆེ་བའི་སློབ་གསོའི་རིགས་གཅིག་མཁས་ཅན་18གདན་ཞུ་བྱས་པའི་ཁར་རྒྱུད་འཛིན་འདོར་ལེན་དང་། རྣ་དབང་། དབང་རྩ། མིག་ནད་ཚན་ཁག་སོགས་ཀྱི་གསོ་རིག་རིགས་གཅིག་མཁས་ཅན་ཡང་གདན་དྲངས་ནས་དམིགས་བསལ་སློབ་མའི་དཔྱད་དཔོག་དང་། མཛུབ་ཁྲིད་ཞབས་ཞུ། གསར་སྤེལ་ཞིབ་འཇུག་སོགས་ཀྱི་ལས་དོན་ནང་མཉམ་དུ་ཞུགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དམིགས་བསལ་སློབ་མར་དཔྱད་དཔོག་བྱ་རྒྱུའི་ནང་གསོ་རིག་བརྟག་དཔྱད་དང་། བདེ་ཐང་དཔྱད་དཔོག སློབ་གསོ་དཔྱད་དཔོག་བཅས་ཕྱོགས་གསུམ་ཚུད་ཡོད་པ་རེད།
         དཔྱད་དཔོག་ལྟེ་གནས་དེ་ནི་དམིགས་བསལ་སློབ་མར་སློབ་གསོ་དཔྱད་དཔོག་བྱེད་པའི་ཆེད་ལས་ཞབས་ཞུ་དང་དེ་བཞིན་མཐུན་སྦྱོར་སྒྲིག་གཞི་ཞིག་ཡིན་པས། ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་ཨུ་ལྷན་དང་ཕུའུ་ཏུང་ཁུལ་གསར་སློབ་གསོ་ཅུས་ཀྱིས་མཉམ་དུ་བཙུགས་པ་ཞིག་རེད། དེའི་ལས་དོན་སྤེལ་ཡུལ་ནི་ཧྲང་ཧའེ་གྲོང་ཁྱེར་ཡོངས་ཀྱི་བུ་བཅོལ་ཁང་དང་། སློབ་གྲྭ་ཆུང་འབྲིང་། དམིགས་བསལ་སློབ་གྲྭ་བཅས་སུ་སློབ་གསོ་དང་ལེན་བྱེད་བཞིན་པའི་སློབ་ཕྲུག་དང་བྱིས་པ་དབང་པོ་སྐྱོན་ཅན་8000ལྷག་ཙམ་དང་དེ་བཞིན་དམིགས་བསལ་སློབ་གསོའི་ལས་དོན་སྒྲུབ་བཞིན་པའི་དགེ་རྒན་དང་ཞའོ་ཀྲང་བཅས་ཡིན་པ་རེད། དཔྱད་དཔོག་ལྟེ་གནས་ཀྱིས་ཁྱིམ་བདག་དང་མི་སྣ་གཞན་དག་ལ་ཡང་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།