འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ལྕགས་ལམ་གྱིས་འཛམ་གླིང་གི་ཟིན་ཐོ་དགུ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་01ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་རེད། དེས་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཆེན་པོ་གསུམ་ཁྱད་བསད་བྱས་ཏེ་འཛམ་གླིང་གི་ཟིན་ཐོ་དགུ་བཏོད་པས་ཨར་སྐྲུན་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཅན་ཞིག་ཏུ་གྱུར།
         ༡.ལམ་ཐིག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ། མཚོ་བོད་ལྕགས་ལམ་ནི་གོར་མོ་ནས་ལྷ་ས་བར་ཡིན་པ་དང་ལམ་བར་དུ་གྲམ་ཐང་དང་། ཐང་སྟོང་། འདམ་རྫབ། གངས་རི་རྩྭ་ཐང་སོགས་བརྒྱུད་དགོས་པའི་རིང་ཚད་ལ་ཁྱོན་སྤྱི་ལེ་1142ཡོད།
         ༢.ས་བབ་མཐོ་ཤོས་ཀྱི་ས་མཐོའི་ལྕགས་ལམ། མཚོ་བོད་ལྕགས་ལམ་གྱིས་ས་བབ་སྨི་4000ཡན་གྱི་ས་ཆ་སྤྱི་ལེ་960བརྒྱུད་དགོས་པ་དང་ས་བབ་མཐོ་ཤོས་ནི་སྨི་5072ཡོད་པའི་གདང་ལའི་ཉག་ཡིན་པས“གནམ་དང་ཐག་ཉེ་ཤོས་ཀྱི་ལྕགས་ལམ”ཞེས་བརྗོད་ཀྱི་ཡོད།
         ༣.འཁྱག་སའི་ལམ་ཚད་རིང་ཤོས་བརྒྱུད་དགོས་པ། མཚོ་བོད་ལྕགས་ལམ་ནི་འཛམ་གླིང་ཐོག་འཁྱག་སའི་ལམ་ཚད་རིང་ཤོས་བརྒྱུད་པའི་ས་མཐོའི་ལྕགས་ལམ་ཞིག་ཡིན་པ་དང་ལྕགས་ལམ་གྱིས་ལམ་ཚད་སྤྱི་ལེ་550ཡོད་པའི་འཁྱག་ས་བརྒྱུད་དགོས་ཀྱི་ཡོད།
         ༤.མྱུར་ཚད་མགྱོགས་ཤོས་ཀྱི་ས་མཐོའི་ལྕགས་ལམ། བསྐྲུན་རྗེས་ཀྱི་མཚོ་བོད་ལྕགས་ལམ་གྱི་འཁྱག་སའི་ལམ་དུམ་གྱི་ཆུ་ཚོད་རེའི་མྱུར་ཚད་ལ་སྤྱི་ལེ་100ཟིན་པ་དང་འཁྱག་ས་མིན་པའི་ལམ་དུམ་གྱི་ཆུ་ཚོད་རེའི་མྱུར་ཚད་ལ་སྤྱི་ལེ་120ཟིན་པ་དེ་ནི་མིག་སྔར་མེ་འཁོར་གྱིས་འཛམ་གླིང་ས་མཐོའི་འཁྱག་སའི་ལྕགས་ལམ་དུ་སྐྱོད་པའི་མྱུར་ཚད་མགྱོགས་ཤོས་དེ་རེད།
         ༥.ས་མཐོའི་འཁྱག་སའི་ཕུག་ལམ་མཐོ་ཤོས། བ་ཡན་མདུང་རྩེའི་ཕུག་ལམ་དེ་ས་བབ་སྨི་5010ཡོད་པའི་བ་ཡན་མདུང་རྩེར་གནས་ཡོད། དེའི་རིང་ཚད་ལ་སྨི་1334ཡོད་པ་དང་ལྕགས་ལམ་ངོས་ཀྱི་ས་བབ་མཐོ་ཚད་ལ་སྨི་4905ཡོད་པས། ཚང་མ་ཡུན་རིང་རང་བཞིན་གྱི་ས་མཐོའི་འཁྱག་སའི་ཁུལ་དུ་གནས་པ་དེ་ནི་མིག་སྔ་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་འཁྱག་སའི་ཁུལ་རིང་ཤོས་ཀྱི་ས་མཐོའི་ཡུན་རིང་འཁྱག་སའི་ཕུག་ལམ་ཞིག་རེད། དེར“འཛམ་གླིང་ཐོག་གི་ཕུག་ལམ་མཐོ་ཤོས”ཞེས་བརྗོད་སྲོལ་ཡོད།
         ༦.ས་མཐོའི་འཁྱག་སའི་ཕུག་ལམ་རིང་ཤོས། ས་བབ་སྨི་4767ཡོད་པའི་ཁུ་ནུ་ལའི་ཉེ་འགྲམ་དུ་འཛམ་གླིང་ཐོག་ས་མཐོའི་འཁྱག་སའི་ཕུག་ལམ་རིང་ཤོས་ཡིན་པའི་ཁུ་ནུ་ལའི་ཕུག་ལམ་གནས་ཡོད་པའི་རིང་ཚད་ལ་སྨི་1686ཡོད།
         ༧.ས་བབ་མཐོ་ཤོས་ཀྱི་མེ་འཁོར་བབས་ཚུགས། ས་བབ་སྨི་5068ཡོད་པའི་མཚོ་བོད་ལྕགས་ལམ་གདང་ལ་བབས་ཚུགས་ནི་མཚོ་བོད་ས་མཐོའི་དབུས་སུ་གནས་པ་དང་ལྷ་ས་དང་བར་ཐག་སྤྱི་ལེ་600ལྷག་ཙམ་ཡོད། གདང་ལའི་བབས་ཚུགས་དེ་འགྲུལ་ཟོག་གཉིས་སྤྱོད་ཀྱི་ཕྱོགས་བསྡུས་བབས་ཚུགས་ཤིག་ཡིན་ལ། མཚོ་བོད་ལྕགས་ལམ་གྱི་ས་བབ་མཐོ་ཤོས་སུ་གནས་པའི་བབས་ཚུགས་ཤིག་དང་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་བབས་ཚུགས་ཤིག་ཀྱང་རེད།
         ༨.ས་མཐོའི་འཁྱག་སའི་ལྕགས་ལམ་ཟམ་པ་རིང་ཤོས། ས་བབ་སྨི་4600ཡོད་པའི་ཀྲུང་གོའི“མི་མེད་ལུང་སྟོང”ཆེ་ཤོས་ཡིན་པའི་ཁུ་ཁུ་ཤིས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཐའ་མཚམས་ཁུལ་དུ་མཛེས་སྡུག་ལྡན་པའི“འཇའ་གཟུགས་ཟམ་པ”ཞིག་ཁུ་ནུ་རི་བོའི་གངས་རིའི་གཤམ་དུ་གནས་ཡོད། དེ་ནི་རིང་ཚད་ལ་སྤྱི་ལེ་11.7ཡོད་པའི་མཚོ་བོད་ལྕགས་ལམ་གྱི་ཟམ་པ་རིང་ཤོས་དང་པོ་དེ་ཡིན་ལ་འཛམ་གླིང་ཐོག་གི་ས་མཐོའི་འཁྱག་སའི་ལྕགས་ལམ་ཟམ་པ་རིང་ཤོས་དེ་ཡང་རེད།
          ༩.ལྕགས་ལམ་གྱི་ལམ་སྐྱོར་རྟེན་གཞི་མཐོ་ཤོས། བོད་ལྗོངས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་གི་བྱང་རྒྱུད་དུ་ས་རྒྱ་སྨི་གྲུ་བཞི་8000བཟུང་བ་དང་ས་བབ་སྨི་4704ཡོད་པའི་མཚོ་བོད་ལྕགས་ལམ་གྱི་སྒྲོམ་སྐྱོར་རྟེན་གཞི་སྟེ་ཨ་མདོའི་ལམ་སྐྱོར་རྟེན་གཞི་ཡོད། དེ་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་ལམ་སྐྱོར་རྟེན་གཞི་རེད།
      

    ཕྱོགས་བསྡུས་གསར་འགྱུར།