འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་མ་འོངས་ལོ་5ཡི་རིང་གི་ཀྲུང་གོར་འཛིན་པའི་
    འཐབ་ཇུས་གསར་པ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་01ཉིན། 08:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་《ཀྲུང་གོར་འཛིན་པའི་ཡོ་རོབ་མནའ་འབྲེལ་གྱི་འཐབ་ཇུས་གསར་པའི་རྒྱུ་རྐྱེན་གཙོ་བོ་》ཞེས་འགོ་བརྗོད་དུ་འཁོད་པའི་ཡིག་ཆ་ཞིག་བརྡ་ཁྱབ་བཏང་ནས་ཡོ་རོབ་མནའ་འབྲེལ་གྱིས་མ་འོངས་ལོ་5ཡི་རིང་ཀྲུང་གོ་དང་འབྲེལ་བའི་སྐོར་ལ་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
         ཡིག་ཆ་དེའི་སྐོར་ལ་ཡོ་རོབ་ལས་འཛིན་ལྷན་ཚོགས་དང་ཡོ་རོབ་གྲོས་ཚོགས་ཀྱིས་གྲོས་བསྡུར་བྱ་རྒྱུར་སྒུག་ནས་བསྡད་ཡོད། གལ་སྲིད་དེར་གྲོས་འཆམ་བྱུང་ན། ཡིག་ཆ་དེ་ནི་2006ལོ་ནས་བཟུང་ཡོ་རོབ་མནའ་འབྲེལ་གྱིས་བཏོན་པའི་ཀྲུང་གོར་འཛིན་པའི་སྲིད་ཇུས་ཀྱི་ཡིག་ཆ་གསར་ཤོས་སུ་འགྱུར་རྒྱུ་རེད།
         ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ལོ་10ཡི་རིང་ཕྱོགས་གཉིས་པོས་འགྱུར་ལྡོག་ཧ་ཅང་ཆེན་པོ་བརྒྱུད་མྱོང་ཡོད་ལ། འཛམ་གླིང་ཐོག་གི་དཔལ་འབྱོར་དང་ཆབ་སྲིད་ཐད་ཀྱི་ཀྲུང་གོའི་གནས་བབ་ཉིན་རེ་ལས་ཉིན་རེ་མ་འདས་པར་མངོན་གསལ་དོད་དུ་སོང་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་གསར་བརྗེས་དང་ཞིབ་གླེང་བྱེད་པར་འཕེལ་རྒྱས་གསར་པའི་དགོས་མཁོ་དང་འཚམ་པར་བྱེད་དགོས། འཐབ་ཇུས་གསར་པའི་ནང་མ་འོངས་ལོ་5ཡི་རིང་ཡོ་རོབ་མནའ་འབྲེལ་གྱིས་ཡོ་རོབ་དང་ཀྲུང་གོའི་དབར་གྱི་འབྲེལ་བར་སྐུལ་འདེད་གཏོང་བའི་ཁྲོད་ཕན་པ་ཐོབ་པའི་ཕྱོགས་མང་པོ་ཞིག་འཆར་འགོད་བྱས་ཡོད་ཅེས་བརྗོད་པ་རེད།
         བརྡ་ཁྱབ་བཏང་བའི་ཡིག་ཆའི་ནང་། ཡོ་རོབ་མནའ་འབྲེལ་གྱིས་རྩ་དོན་དང་། དངོས་སྒྲུབ། གཉིས་ཕན་བཅས་ཀྱི་དགོངས་དོན་ལ་སྣང་ཆེན་བྱ་རྒྱུར་དམིགས་ནས། རྒྱལ་སྤྱིའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩི་མཐོང་བྱེད་པའི་རྨང་གཞིའི་ཐོག་ཀྲུང་གོ་དང་འགྲོ་འོང་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
          ཡིག་ཆའི་ནང་བསྟན་དོན། ཕྱི་འབྲེལ་དང་བདེ་འཇགས་སྐོར་གྱི་སྲིད་ཇུས་ཀྱང་ཡོ་རོབ་དང་ཀྲུང་གོས་མཉམ་ལས་དང་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་བའི་གོ་སྐབས་ཤིག་ཀྱང་ཡིན་པ་རེད། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོས་ངེས་པར་དུ་ཕྱོགས་གཉིས་པོ་དང་། མཉམ་འབྲེལ་རྒྱལ་ཚོགས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་མཉམ་ལས་དམ་ཟབ་བྱས་ཏེ། རྒྱལ་སྤྱིའི་འགལ་བ་ཐག་གཅོད་དང་ཕྱི་འབྲེལ་ཐད་ཀྱི་གནད་དོན་གལ་ཆེན་ལ་ཁ་གཏད་གཅོག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དེ་དང་ཆབས་ཅིག་ཡུལ་འགྱར་གནད་དོན་དང་། ཕྱི་ཕྱོགས་འཕེལ་རྒྱས་ལ་རོགས་སྐྱོར། ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་སློང་ལ་གོ་ལ་ཧྲིལ་པོས་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། དེར་བརྟེན། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་མཐུན་སྦྱོར་ཡོང་བ་བྱ་རྒྱུ་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།