འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཟི་ལིང་ནས་ཚྭ་ཁ་བར་གྱི“མཁའ་དབྱིངས་ཀྱི་མེ་ལོང”ཞེས་པའི་ཡུལ་
    སྐོར་མེ་འཁོར་ཐོག་མ་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་19ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “མཛེས་སྡུག་ལྡན་པའི་མཚོ་སྔོན”དྲིལ་བསྒྲགས་ཤུགས་ཆེན་དང་། མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་གོར་མོའི་ལམ་རྒྱུད་ཀྱི་མཚོ་སྔོན་པོ་དང་། འདབ་ཆགས་གླིང་། ཚྭ་ཁའི་ཚྭ་མཚེའུ་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་མང་པོ་འོས་སྦྱོར་བྱས་ནས་མཚོ་སྔོན་གྱི་ཉིན་རེ་བཞིན་མང་དུ་འགྲོ་བའི་ཡུལ་སྐོར་བའི་དགོས་མཁོ་སྐོང་ཆེད། ཟླ་6ཚེས་10ཉིན་གྱི་སྔ་དྲོ་མཚོ་སྔོན་ལྕགས་ལམ་ཀུང་སིས་ཟི་ལིང་མེ་འཁོར་བབས་ཚུགས་སུ་ཡུལ་སྐོར་མེ་འཁོར་ཐོག་མ་གཏོང་བའི་མཛད་སྒོ་སྟབས་བདེ་ཞིག་གཉེར་ནས་ཟི་ལིང་ནས་ཚྭ་ཁ་བར་གྱི་ཡུལ་སྐོར་མེ་འཁོར་དངོས་སུ་གཏོང་འགོ་ཚུགས་པ་རེད།
         མཚོ་སྔོན་ཞིན་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དབུས་ལམ་རྫོང་ཚྭ་ཁ་གྲོང་རྡལ་གྱི་འགྲམ་དུ་གནས་པའི་ཚྭ་ཁའི་ཚྭ་མཚེའུ་ནས་ཟི་ལིང་བར་སྤྱི་ལེ་298ཡོད་པ་དང་མཚོ་ནུབ་ཀྲོའུ་སྲིད་གཞུང་གནས་ཡུལ་གཏེར་ལེན་ཁའི་བར་སྤྱི་ལེ་200ཡོད་པས“ཚྭ་འདམ་གྱི་ཤར་སྒོ་ཆེན་མོ”ཞེས་བརྗོད་ཀྱི་ཡོད་པ་དང་། ལོ་རྒྱུས་ཐོག་ཚོང་པ་དང་ཡུལ་སྐོར་བ་བོད་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་པ་མ་ཟད། གནའ་བོའི་དར་གོས་ལམ་བུའི་རྟ་ཟམ་གལ་ཆེན་ཞིག་ཀྱང་ཡིན། དེ་ཁུལ་གྱི་ཚྭ་ཁའི་ཚྭ་མཚེའུ་ཡི་ས་བབ་ལ་མཐོ་ཚད་སྨི་3100ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་སྤྱི་ལེ་15.8ཡོད་པ། ལྷོ་བྱང་གི་ཞེང་ཚད་སྤྱི་ལེ་9.2ཡོད་པ་དེ་གཟུགས་དབྱིབས་ནར་མོ་ཡིན་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་105ཡོད། རྩད་ཆོད་རགས་ཙམ་ཐུབ་པའི་ཚྭ་གསོག་ཚད་ལ་ཏུན་དུང་ཕྱུར་4.4ཡན་ཡོད་པ་རེད།
         ‘གྲོགས་འཁོར’ནང་ཟི་ལིང་ནས་ཚྭ་ཁའི་བར་མེ་འཁོར་ཤར་གཏོང་ཐུབ་པ་གོ་ཐོས་བྱུང་བས་དྲ་ཐོག་ནས་སྤ་སེ་ཉོས་པ་ཡིན། དེ་སྔོན་རང་ཉིད་ཀྱིས་རླངས་འཁོར་བཏང་ནས་ཡོང་བ་དང་བསྡུར་ན་ད་ཐེངས‘མཚོ་སྔོན་པོའི་ལམ་རྒྱུད་དུ་རླངས་འཁོར་འགག་པ་སོགས་ཀྱི་གནད་དོན་ལ་སེམས་ཁྲལ་བྱེད་དགོས་མི་འདུག སྔ་དྲོ་ཡོང་ནས་ཕྱི་དྲོ་ལོག་ཐུབ་པས་མེ་འཁོར་གྱི་དུས་ཚོད་བཀོད་སྒྲིག་ཧ་ཅང་ཡག་པོ་འདུག”ཅེས་ཟི་ལིང་ནས་ཡོང་བའི་ཡུལ་སྐོར་བ་སུན་ཧའོ་ཡིས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡུལ་སྐོར་མེ་འཁོར་གྱི་ཨང་ཐེངས་Y916/2ཡིན་པ་དང་། མཚོ་བོད་ལྕགས་ལམ་ཀུང་སིས་ཡུལ་སྐོར་བ་མང་བའི་དུས་ཚིགས་དང་བསྟུན་ནས་ཟླ་6པ་ནས་ཟླ་8པའི་བར་ཟི་ལིང་ནས་ཚྭ་ཁའི་བར་གྱི་ཡུལ་སྐོར་མེ་འཁོར་རྒྱུན་མཐུད་ངང་གཏོང་རྒྱུ་ཡིན་ཞིང་། དུས་ཚོད་ནི་ཆུ་ཚོད་8དང་སྐར་མ་25ལ་ཟི་ལིང་ནས་ཐོན་ཏེ་ཆུ་ཚོད་12དང་སྐར་མ་55ཚྭ་ཁའི་བབས་ཚུགས་སུ་འབྱོར་བ་དང་། དེ་ཉིན་གྱི་ཆུ་ཚོད་17དང་སྐར་མ་30ལ་ཚྭ་ཁ་ནས་ཐོན་ཏེ་ཆུ་ཚོད་22དང་སྐར་མ་15ལ་ཟི་ལིང་བབས་ཚུགས་སུ་ལོག་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།