འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐྱོར་ལས་བྱེད་པ་ཡི་རོགས་སྐྱོར་འོག གམ་པའི་ལུག་གི་གོང་ཚད་ཆེས་ཆེར་འཕར།

    ——ཀྲང་ཀྲུའོ་ཡིས་ས་མཐོའི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་བྱས་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་19ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         བདེན་དཔང་ར་སྤྲོད་ཀྱི་ཡི་གེ་ཞིག་ལས་བོད་ལྗོངས་གམ་པའི་ལུག་གི་གོང་ཚད་དུས་ཐུང་ནང་ལྡབ་འཕར་བྱུང་བ་མ་ཟད། འབྲེལ་ཡོད་ཞིང་འབྲོག་པར་མི་རེར་ཆ་སྙོམས་འབབ་འཕར་སྒོར་1500བྱུང་ཡོད། བོད་སྐྱོར་ལོ་གསུམ་རིང་ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཀྲང་ཀྲུའོ་ཡིས་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་ལ་སྐུལ་འདེད་བཏང་སྟེ་གཞིས་རྩེའི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་འཕར་བ་བྱས་ནས་མི་མངོན་པའི་རྒྱུ་ནོར་དེ་མིག་མཐོང་ལག་འཛིན་ཐུབ་པའི་མ་དངུལ་ལ་རིམ་བཞིན་འགྱུར་བ་བྱས་ཡོད།
         གམ་པ་རྫོང་འགྲིགས་ཤང་གནས་གྲོང་ཚོའི་འབྲོག་པ་སྐྱིད་ལུས་ཉིན་ལྟར་ཕྱུགས་འཚོས་ནས་ལོག་རྗེས་ངལ་གསོ་བའི་ཁོམ་པ་མེད་པར་ཡུ་གུ་བླུགས་པའི་ཁུག་མ་ཆེན་པོ་ཞིག་ཁྱེར་ཏེ་ལུག་ཁྱུར་ལྟོ་ཆས་སྟེར་བར་འགྲོ་གི་ཡོད། གམ་པའི་ལུག་གི་རིན་གོང་མཐོ་རུ་ཕྱིན་པ་དང་སྦྲགས་འབྲོག་པ་ཚོས་མི་རབས་ནས་མི་རབས་བར་གྱི་ཕྱུགས་རིགས་དེ་དག་ད་ཆ་ཁོང་ཚོའི་གཅེས་ནོར་ལྟ་བུར་གྱུར་ཡོད།
         སྐྱིད་ལུས་ཀྱིས་གད་མོ་དགོད་བཞིན“ལོ་ཤས་ནང་ལུག་རེར་སྒོར་800ནས་ད་ལྟའི་སྒོར་1700བར་འཕར་བས་ང་ཚོའི་ཁྱིམ་ཚང་གི་གསོ་ཚགས་རྟེན་གཞིའི་གཞི་ཁྱོན་ཆེ་རུ་བཏང་ཞིང་། དེ་སྔོན་གྱི་ལུག་མགོ་གྲངས་ཉི་ཤུ་སུམ་ཅུ་ནས་ད་ལྟའི་ལུག་མགོ་གྲངས་200བར་མང་དུ་ཕྱིན་ཡོད། དེས་མ་ཚད་ངས་ཁང་པ་གསར་པ་བརྒྱབ་པ་དང་དངུལ་སྨར་ཡོང་འབབ་ཀྱང་མང་པོ་བྱུང་”ཞེས་བཤད།
         2013ལོར་ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པའི་རུ་སྣེ་འཁྲིད་མཁན་ཀྲང་ཀྲུའོ་ཡིས་བརྟག་ཞིབ་བྱས་པ་བརྒྱུད་རི་བོ་སྔོ་ལ་ཆུ་མོ་དྭངས་པའི་བོད་ཀྱི་སྣོད་བཅུད་ཁོར་ཡུག་ནི་མི་རྣམས་ཀྱིས་ཤེས་རྟོགས་ཐུབ་མེད་པའི་རྒྱུ་ནོར་ཞིག་ཡིན་པ་རྟོགས་ནས། དེ་སྔོན་ཧེ་ལུང་ཅང་ཞིང་ཆེན་སྤུས་ཚད་ལག་རྩལ་ལྟ་སྐུལ་ཞིབ་བཤེར་ཅུས་ཀྱི་ཅུས་ཀྲང་གཞོན་པའི་འགན་ཁུར་མྱོང་བའི་ཁོང་གིས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་སྣོད་བཅུད་ཀྱི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་བྱས་ཚེ་གམ་པའི་ལུག་གི་ཟུར་སྣོན་རིན་ཐང་སྔོག་འདོན་བྱེད་ཐུབ་ངེས་ཡིན་པའི་ངོས་འཛིན་བྱས།
         ཀྲང་ཀྲུའོ་ཡིས“བོད་ཀྱི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ལ་གཞན་གྱིས་ལད་མོ་བྱེད་མི་ཐུབ་པའི་ལེགས་ཆ་ལྡན་ཡོད། གམ་པའི་ལུག་དེ་གཞིས་རྩེའི་ཚད་ཡོད་ཀྱི‘ཁྲོམ་ར་ཆུང་གྲས’ནས་རྒྱལ་ཡོངས་ཀྱི‘ཁྲོམ་ར་ཆེ་མོའི’ཐོག་བསྐྱོད་ཐུབ་ཚེ། མི་མངོན་པའི་རྒྱུ་ནོར་དེ་དངོས་ཡོད་ཀྱི་མ་དངུལ་དུ་འགྱུར་ཐུབ་པའི་ཡིད་ཆེས་ཡོད”ཅེས་བཤད།
         གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཧེ་ལུང་ཅང་ཞིང་ཆེན་གྱི་ཁ་གཏད་བོད་སྐྱོར་བྱ་ཡུལ་ནི་གཞིས་རྩེ་གྲོང་ཁྱེར་གྱི་ཁང་དམར་དང་། རིན་སྤུངས། བཞད་མཐོང་སྨོན་བཅས་རྫོང་གསུམ་དང་དེ་བཞིན་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་ཡིན། ཡིན་ནའང“ལྗོངས་ཡོངས་ལ་གཞི་ཚུགས་ཏེ་གནད་དོན་ལ་དམིགས་པ་དང་ས་ཁུལ་གྱི་ས་མཚམས་ཀྱི་བཀག་རྒྱ་ནས་སྒྲོལ་ཏེ་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི”ལས་ཀའི་བསམ་ཕྱོགས་དེ་ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པའི་ཁྲོད་ངོས་འཛིན་གཅིག་མཐུན་བྱུང་ཡོད།
         ངོས་འཛིན་གྱི་གོ་རིམ་ནན་པོ་བརྒྱུད་2014ལོའི་ཟླ་བརྒྱད་པར་གམ་པའི་ལུག་གི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་ལ་ཆོག་མཆན་ཐོབ་ཡོད། འོན་ཀྱང་ཀྲང་ཀྲུའོ་ཡི་བསམ་ཡུལ་ལས་འདས་པ་ཞིག་ནི་ཁོང་གི་སྔོན་ཐོན་འདུ་ཤེས་དེ་ཞིང་འབྲོག་པའི་སྲོལ་རྒྱུན་གསོ་ཚགས་བྱེད་སྟངས་དང་འགལ་ཟླར་གྱུར་བ་དེ་རེད།
         རའོ་ཧུའེ་ཡིས་དྲན་གསོ་བྱེད་བཞིན་དུ“གསོ་ཚགས་དུད་ཚང་ཚོས་ཐ་ན‘སྐྱེ་ལྡན’ཞེས་པའི་ཐ་སྙད་དེ་ཐོས་མྱོང་མེད། དེར་བརྟེན་ང་ཚོས་འབྲེལ་ཡོད་ཚད་གཞི་བོད་སྐད་དུ་བསྒྱུར་ནས་རེ་རེ་བཞིན་ཁོང་ཚོར་འགྲེལ་བཤད་བརྒྱབ་པ་ཡིན། 2014ལོའི་ཟླ་བཅུ་པར་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་ཁག་དང་པོ་ཐོབ་པའི་གམ་པའི་ལུག་བཤས་བཏང་བ་དང་ཁྲོམ་རའི་རིན་གོང་དེ་བདེན་དཔང་ར་སྤྲོད་མ་བྱས་གོང་ལས་ལྡབ་གཅིག་ལྷག་ཙམ་འཕར་བས་མང་ཚོགས་ཚང་མ་མོས་པ་བྱུང་སོང”ཞེས་བཤད།
         འབད་བརྩོན་བྱས་པ་བརྒྱུད་མིག་སྔར་གཞིས་རྩེར་གམ་པ་རྫོང་གི་ཐོན་ཁུལ་གཙོ་བོ་དང་ལོར་བཤས་གཏོང་ཚད་ལུག་མགོ་གྲངས་ཁྲི་14ཟིན་པའི“གམ་པའི་ལུག་གི་དཔལ་འབྱོར་འཁོར་རྒྱ”ཞིག་ཆགས་ཡོད། གམ་པའི་ལུག་གི་ཐོན་ལས་གཞི་ཁྱོན་གྱི་ཁྲོམ་རའི་རིན་ཐང་སྒོར་དུང་ཕྱུར་15.3ཟིན་པ་དེ་2013ལོ་དང་བསྡུར་ན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་9དངོས་སུ་འཕར་ནས་གམ་པའི་ལུག་གི་དཔལ་འབྱོར་འཁོར་རྒྱ་སྣེ་འཁྲིད་ཀྱིས་ཞིང་འབྲོག་པ་མི་རེར་ཆ་སྙོམས་འབབ་འཕར་སྒོར་1500བྱུང་ཡོད།

    གྲུབ་འབྲས་ཐོབ་པའི་ཀྲང་ཀྲུའོ་ཡིས་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་ལག་ལེན་བྱེད་རྒྱ་སྔར་བས་ཆེ་རུ་བཏང་ཞིང་། 2015ལོའི་ལོ་མཇུག་ཏུ་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཆུས་18ཀྱིས་ཐེངས་གཅིག་རང་བཞིན་ལ“རྒྱལ་ཁབ་རིམ་པའི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་དཔེ་སྟོན་འཛུགས་ཁུལ”རེ་ཞུ་བྱས་པ་དང་ཞིང་འབྲོག་ཐོན་རྫས་27ལ་སྐྱེ་ལྡན་བརྗེ་སྒྱུར་གྱི་བདེན་དཔང་ར་སྤྲོད་དང་སྐྱེ་ལྡན་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་བྱས་ཡོད། “ཨེ་མ་སྒང་གི་ཞོག་ཁོག”དང“གྲོ་མོའི་མོག་རོ”སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་གམ་པའི་ལུག་དང་འདྲ་བར་མི་གཞན་གྱིས་ཤེས་རྟོགས་ཐུབ་ནས་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་གཅེས་ནོར་ལྟ་བུར་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།