འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དབུལ་སྐྱོར་མ་དངུལ་གཡོ་ལེན་བྱས་པ་སོགས་ཀྱི་སྒྲིག་འགལ་ཁྲིམས་
    འགལ་གྱི་གྱོད་གཞི་བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་17ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་དབུལ་སྐྱོར་མ་དངུལ་གཡོ་ལེན་བྱས་པ་དང་། ཁ་གསབ་དངུལ་སྒྲིག་འགལ་གྱིས་འགྲེམས་སྤྲོད་བྱས་པ། ཁ་གསབ་རོགས་དངུལ་སྒྲིག་འགལ་གྱིས་འགྲེམས་སྤྲོད་བྱས་པ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཁ་ཤས་བརྡ་ཁྱབ་བཏང་ནས་རུལ་སུངས་ལ་ངོ་རྒོལ་དང་“སྲོལ་ངན་བཞི་”་ལ་ངོ་རྒོལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བའི་གྲུབ་འབྲས་མཚོན་པ་རེད།
         བརྡ་ཁྱབ་ལས་མངོན་པ་ལྟར་ན། མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་རྫོང་དཔོན་གཞོན་པ་ཐེན་གོ་ཆིང་གིས་རུ་ཐོག་རྫོང་གི་དབུལ་སྐྱོར་གཞུང་དོན་ཁང་གི་ལས་ཀ་ཁག་བགོས་དོ་དམ་བྱེད་འགན་འཁུར་དུས། མངའ་འོག་མི་ལ་གན་རྒྱ་རྫུན་བཟོ་བྱ་ཐབས་ལ་བརྟེན་ནས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་233གཡོ་ལེན་བྱ་རྒྱུའི་བཀོད་པ་བཏང་ཞིང་། དེའི་ནང་གི་སྒོར་ཁྲི་193ཁོས་སྒེར་སྤྱོད་དང་།  གོ་གནས་ཀྱི་སྟབས་བདེར་བརྟེན་ནས་མི་གཞན་གྱི་དོན་དུ་ཁེ་ཕན་བརྩོན་ལེན་བྱས་ནས་སྒོར་ཁྲི་20.5ཡི་རྒྱུ་དངོས་པ། སྒྲིག་འགལ་གྱིས་ལས་གྲྭའི་རྣམ་གྲངས་ལ་ཐེ་ཇུས་བྱས་ནས་མ་དངུལ་སྒོར་ཁྲི་30བཙན་བཟུང་བཅས་བྱས་པས། ཐེན་གོ་ཆིང་ཏང་གི་སྐྱིད་སྡུག་ནས་བུད་པ་དང་། གཞུང་གི་ལས་གནས་ནས་བུད་ཅིང་། ཁོའི་ཉེས་གསོག་དོགས་ཡོད་ཀྱི་གནད་དོན་ཁྲིམས་འཛིན་ལས་ཁུངས་ལ་བསྐྱལ་བ་རེད།
         ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་(ད་ལྟའི་སྟོད་ལུང་བདེ་ཆེན་ཆུས་)དུང་དཀར་གྲོང་རྡལ་གྱིས་སྒྲིག་འགལ་ལེན་གྱིས་ཁ་གསབ་དངུལ་འགྲེམས་སྤྲོད་བྱས་པ། སྟོད་ལུང་བདེ་ཆེན་རྫོང་དུང་དཀར་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཟླ་བ་སྒྲོལ་མ་དང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་རྡལ་གྱི་འགོ་འཛིན་ལི་ཉིང་གིས་གྲོང་རྡལ་གྱི་ཏང་སྲིད་ཚན་པའི་ཁོངས་མིའི་མཉམ་སྡེབ་ཚོགས་འདུ་འཚོགས་ནས་ལས་བྱེད་པ་དང་ལས་བཟོ་པར་སྒྲིག་འགལ་གྱིས་ལས་ཐོག་ཁ་གསབ་རོགས་དངུལ་སོགས་གྲོན་དངུལ་སྒོར་ཁྲི་29འགྲེམས་སྤྲོད་བྱས་པས། ལྷ་ས་གྲོང་ཁྱེར་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཟླ་བ་སྒྲོལ་མར་ཏང་ནང་ཐ་ཚིག་ནན་པོ་བསྒྲགས་པའི་ཆད་པ་བཅད་པ་དང་། ལི་ཉིང་ལ་སྲིད་འཛིན་ཐོག་གི་ཉེས་ཐོ་བཀོད་པའི་ཆད་པ་བཅད་ཅིང་། སྒྲིག་འགལ་གྱིས་འགྲེམས་སྤྲོད་བྱས་པའི་དངུལ་ཚང་མ་ཕྱིར་བསྡུས་པ་རེད།
         ཆབ་མདོ་སྨར་ཁམས་རྫོང་ནགས་ལས་ཅུས་ཀྱིས་སྒྲིག་འགལ་གྱིས་ཁ་གསབ་དངུལ་འགྲེམས་སྤྲོད་བྱས་པ། སྐབས་དེར་ཅུས་ཀྲང་གྱི་འགན་ཁུར་བའི་རིན་ཆེན་ཕུན་ཚོགས་དང་།ཅུས་ཀྲང་གཞོན་པ་ཐང་ཡང། ཅུས་ཀྲང་གཞོན་པ་ཅི་ཝུན་ཅིན་བཅས་གསུམ་གྱིས་ཁ་ཐོག་ནས་གྲོས་ཐག་བཅད་དེ་ལོ་མང་རིང་རྫུན་ཞུ་གཡོ་ལེན་བྱས་ནས་བསགས་པའི་སྤྱི་སྤྱོད་གྲོན་དངུལ་སྒོར་ཁྲི་17.5ཁ་གསབ་རོགས་རམ་གྱི་ཐོག་ནས་ནགས་ལས་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་39ལ་འགྲེམས་སྤྲོད་བྱས་པ་རེད། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་རིན་ཆེན་ཕུན་ཚོགས་ལ་ཏང་ནང་ཐ་ཚིག་ནན་པོ་བསྒྲགས་པའི་ཆད་པ་བཅད་པ་དང་། ཐང་ཡང་དང་ཅི་ཝུན་ཅིན་ལ་ཏང་ནང་ཐ་ཚིག་བསྒྲགས་པའི་ཆད་པ་བཅད་ཅིང་། སྒྲིག་འགལ་གྱིས་འགྲེམས་སྤྲོད་བྱས་པའི་དངུལ་ཚང་མ་ཕྱིར་བསྡུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།