འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།“ཉི་མའི་རྗེས་སུ་སྙེགས་པའི”ལས་གཏོད་ཀྱི་འདུན་པ།

    —— སློབ་གྲྭ་ཆེ་མོ་ཐོན་པའི་སློབ་མ་ཐན་ཆི་ཧའོ་དང་དེའི་ཚོགས་པས་མཚོ་སྔོན་ ས་མཐོར་ལས་གཏོད་བྱས་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་17ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཆབ་ཆ་རྫོང་གི་གྲམ་ཐང་ཞིག་ཏུ་ཐན་ཆི་ཧའོ་ཡིས་ལས་གཏོད་ཀྱི་འགོ་ཐོག་མར་བརྩམས་ཤིང་། ཁོང་གིས་སྣེ་ཁྲིད་པའི་མི་དྲུག་གི་ཚོགས་པས་རང་བརྟེན་ཇུས་འགོད་བྱས་ནས“ས་བབ་རྙོག་འཛིང་ཆེ་སར་གཏོང་བའི་འོད་ཤུགས་གློག་གཏོང་ས་ཚིགས་ཀྱི་ལྷུ་ལག་གཙང་ཕྱིས་རླངས་འཁོར”སྒྲིག་སྦྱོར་བྱས་པས། དེ་གའི་གློག་གཏོང་ས་ཚིགས་ཀྱི་འོད་ཤུགས་གློག་གཏོང་གློག་རྫས་ལེབ་མོ་དུས་ཡུན་རིང་པོའི་ནང་མིས་གཙང་ཕྱིས་བྱེད་དགོས་པའི་རྣམ་པར་འགྱུར་ལྡོག་བྱུང་ཡོད། དེས་ན་ཐན་ཆི་ཧའོ་ཡིས་ངས“ཉི་མའི་རྗེས་སུ་སྙེག་པ”ཡིན་ཞེས་གད་མོ་དགོད་བཞིན་དུ་ཤོད་ཀྱི་ཡོད།
         “ད་ཆ་མཚོ་སྔོན་ཞིང་ཆེན་ཁོངས་སུ་འོད་ཤུགས་གློག་གཏོང་ས་ཚིགས་སྤྱིར་ན་མིས་གཙང་ཕྱིས་བྱེད་དགོས་ཀྱི་ཡོད་པས། གཙང་མ་དེ་ཙམ་ཕྱིས་མི་ཐུབ་པའི་ཁར་འགྲོ་སོང་ཆེན་པོ་འགྲོ་གི་ཡོད། ང་ཚོས་བྱེས་བགྲོད་ལྗིད་ཐེག་རླངས་འཁོར་ཞིག་བཟོ་བཅོས་བརྒྱབ་ནས་ཚོད་ལྟ་སྙོམས་སྒྲིག་བྱས་པ་ས་མཐོའི་བྱེ་ཐང་དང་བྱེ་རྡོ་མང་སར་འགྲོ་ཐུབ་སྟབས་གཙང་ཕྱིས་ཀྱི་འགྲོ་སོང་ཆེས་ཆེར་ཉུང་དུ་སོང་ཡོད”ཅེས་རང་ཉིད་ཀྱི་ལས་གཏོད་ཀྱི་ཁ་ཕྱོགས་སྐོར་ལ་ཐན་ཆི་ཧའོ་ཡིས་དགའ་སྤྲོའི་ངང་དེ་ལྟར་བཤད།
         1992ལོར་སྐྱེས་པའི་ཐན་ཆི་ཧའོ་ཐེན་ཅིན་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་པ་དང་། 2014ལོར་ཕ་ཡུལ་མཚོ་སྔོན་ཞིང་ཆེན་ལ་ལོག་ནས་དངོས་སྦྱོང་བྱེད་སྐབས། ས་གནས་ཀྱི་འོད་ཤུགས་གློག་གཏོང་ཁེ་ལས་ཀྱིས་ལོ་ལྟར་འོད་ཤུགས་གློག་གཏོང་གློག་རྫས་ལེབ་མོ་མང་པོ་གཙང་ཕྱིས་བྱེད་དགོས་ཀྱི་ཡོད་ཀྱང་། གཙང་ཕྱིས་སྒྲིག་ཆས་ཡག་པོ་ཞིག་མེད་སྟབས་མིས་ལག་པ་འགུལ་ནས་ཕྱིས་དགོས་རྐྱེན་དཀའ་ངལ་མང་པོ་ཞིག་འཕྲད་པ་ཤེས།
         མི་ལ་བརྟེན་མི་དགོས་པར་འཕྲུལ་འཁོར་རང་གིས་གཙང་ཕྱིས་ཐུབ་པ་ཞིག་ཡོང་བ་བྱ་རྒྱུ་ནི་ཕྱིས་འབྱུང་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཟློག་ཏུ་མེད་པ་ཞིག་ཡིན་པར་བསམས་ནས་འོད་ཤུགས་ཀྱི་ཆེད་ལས་ཤེས་བྱ་དེ་ཙམ་མེད་པའི་ཐན་ཆི་ཧའོ་ཡིས་དྲ་རྒྱའི་ཐོག་འབྲེལ་ཡོད་ཀྱི་དཔྱད་གཞི་མང་པོ་བཙལ་ནས་བལྟས།
         “ད་ཆ་རྒྱལ་ཁབ་ཕྱི་ནང་གང་སར་འོད་ཤུགས་གློག་གཏོང་གློག་རྫས་ལེབ་མོ་གཙང་ཕྱིས་བྱེད་པའི་རླངས་འཁོར་ཡོད་ནའང་། ས་ཆ་ཁོད་སྙོམས་སར་མ་གཏོགས་འབར་འབུར་ཅན་དང་། བྱེ་ཐང་དང་། ཕྱེད་བྱེ་ཐང་དུ་འགྲོ་ཐུབ་ཀྱི་མེད། དེར་བརྟེན་མཚོ་སྔོན་གྱི་ས་མཐོའི་རི་ལམ་ཀྱག་ཀྱོག་ལ་དེ་བས་འགྲོ་ཐབས་བྲལ་བས། གལ་སྲིད་ངས་དཀའ་གནད་དེ་སྒྲོལ་ཐུབ་ཚེ། ཚོང་གི་གོ་སྐབས་ཆེན་པོ་ཞིག་རག་རྒྱུ་རེད་བསམ་བྱུང”ཞེས་ཐན་ཆི་ཧའོ་ཡིས་བཤད།
         ཐན་ཆི་ཧའོ་ཡིས་རང་ཉིད་ཀྱི་བསམ་ཚུལ་དེ་མཐོ་རིམ་སློབ་འབྲིང་སྐབས་ཀྱི་གྲོགས་པོ་ལྔ་ལ་བཤད་མཐར་ཕན་ཚུན་མ་གྲོས་གཅིག་མཐུན་བྱུང་བ་རེད།
         དྲ་སྦྲེལ་ཐོག་གི་ཆ་འཕྲིན་མང་པོ་ནས་ཤེས་རྟོགས་བྱུང་བ་བརྒྱུད། ཁོང་ཚོས་རྒྱལ་ནང་གི་དམག་སྤྱོད་བྱེས་བགྲོད་རླངས་འཁོར་ཞིག་ལ་ལྡིར་ནས་དེའི་འོག་ཏུ་རང་འགུལ་ངང་ཆུ་ཚ་བཟོའི་ཆུ་སྣོད་དང་ཆུ་སྟོར་སྒྲིག་ཆས་བསྒར་བ་རེད།
         “ས་མཐོའི་དགུན་དུས་ཤིན་ཏུ་གྲང་ངར་ཆེ་བས་ཆུས་བཀྲུས་ན་མི་འགྲིག་པར་བསམས་ཏེ་ང་ཚོས་སྐམ་བཀྲུས་སྒྲིག་ཆས་དམིགས་བསལ་ཞིག་བཟོས་པ་ཡིན། དེ་ལྟར་འོད་ཤུགས་གློག་གཏོང་གློག་རྫས་ལེབ་མོ་གཙང་ཕྱིས་བྱེད་པར་ཁ་ལོ་བ་དང་སྒྲིག་ཆས་སྤྱོད་ཤེས་མཁན་རེ་བཅས་མི་གཉིས་ལས་དགོས་ཀྱི་མེད”ཅེས་ཐན་ཆི་ཧའོ་ཡིས་དེ་ལྟར་བཤད།
         ན་ནིང་ཟླ་གསུམ་པར་ཐན་ཆི་ཧའོ་ཡི་ཚོགས་པ་དེས་འགྲན་རྩོད་པ་གཞན་ལས་གོང་ཕྱེད་ཀས་ཆུང་བའི་ཐོག་ནས་འོས་འགུགས་འོས་དཔོད་ནང་འོས་ཐོབ་བྱུང་སྟེ་ཆབ་ཆ་རྫོང་ལ་ཡོད་པའི་ཀྲའོ་ཝ་128ཀྱི་འོད་ཤུགས་གློག་གཏོང་གློག་རྫས་ལེབ་མོ་གཙང་ཕྱིས་བྱེད་པའི་གན་རྒྱ་བཞག
         བསམ་དོན་གྲུབ་པར་གྱུར་ཡང་། དངོས་སུ་ལག་ལེན་བསྟར་སྐབས་མ་དངུལ་ཁ་ཐང་བའི་དཀའ་ངལ་ཐུག སློབ་གྲྭ་ཐོན་མ་ཐག་པའི་ན་གཞོན་དྲུག་གིས་ཆ་བསྡུ་ཡ་བསྡུ་བྱས་ནས་བྱུང་བའི་སྒོར་ཁྲི་30དེ་དག་གཏོང་ཡོང་མགོ་མི་ཐུག་པར་གྱུར་ཏེ། རྗེས་ཀྱི་ལས་ཀའི་འགྲོ་སོང་གང་ནས་གཏོང་དགོས་པའི་དཀའ་ངལ་འཕྲད།
         “སྟབས་ལེགས་པ་ཞིག་ལ། ང་ན་ནིང་ཟླ་དྲུག་པར་ཆབ་ཆ་རྫོང་ལ་འགྲོ་བའི་ལམ་བར་ལ་རླུང་འཕྲིན་ནས་མཚོ་སྔོན་ཞིང་ཆེན་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོར་མིང་ཐོ་བཀོད་ཚེ། བྱ་དགའ་ཐོབ་མཁན་ལ་དངུལ་སྨར་ཡོད་པ་མ་ཟད། སྐྱེད་སྦྱར་དངུལ་བུན་གཡར་བ་དང་ལས་གཏོད་ཀྱི་ཟུར་ཁྲིད་ཀྱང་བྱ་རྒྱུ་ཡིན་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཡོད་ཚུལ་ཐོས་བྱུང”ཞེས་ཐན་ཆི་ཧའོ་ཡིས་དེ་ལྟར་བཤད། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་2015ལོར་བཙུགས་པའི“སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ལ་ཁྲིད་སྟོན་བྱེད་པའི་མ་དངུལ”ཡིན་ཞིང་། འཆར་གཞི་ལོ་གསུམ་ཡིན་པ་དང་སློབ་ཆེན་སློབ་མས་གསར་གཏོད་ལས་གཏོད་བྱེད་པར་ལོ་རེར་སྒོར་ཁྲི་5000གཏོང་གི་ཡོད་པ་རེད།
         འགྲན་བསྡུར་ཚར་རྗེས་ཐན་ཆི་ཧའོ་ཡི་ཚོགས་པ་དེ་ལས་རིགས་ནང་ཁུལ་ཁྲོད་སྙན་གྲགས་ཅུང་ཆེ་བར་སོང་བ་དང་། ཕྱོགས་མང་པོ་ནས་དྲིལ་བསྒྲགས་བྱས་པ་བརྒྱུད་ད་ཆ་ཁོང་ཚོར་ཤིན་ཅང་དང་། ནང་སོག ཀན་སུའུ། ཉིང་ཞ་སོགས་ནས་ཁ་པར་ཡོང་སྟེ་སྐད་ཆ་དྲི་བ་མ་ཟད། རླངས་འཁོར་སྒྲིག་སྦྱོར་གྱི་ནུས་པ་ལྡན་པའི་ཧུའུ་པེའི་ཁེ་ལས་ཤིག་གིས་ཀྱང་རོགས་རམ་གྱི་ཕྱག་ཟུང་བརྐྱངས་ནས་ཐོན་ཟོག་གསར་བཟོ་མཉམ་ལས་བྱ་རྒྱུར་གདན་དྲངས།
         “ཉེ་ཆར་སྲིད་གཞུང་ནས་སྐྱེད་སྦྱར་དངུལ་བུན་གཡར་བའི་འདུན་ཞུ་བྱས་པ་ལག་འབྱོར་བྱུང་བས། སྒྲིག་ཆས་ཡག་ཏུ་གཏོང་ཆེད་ཆེད་ལས་ཀུང་སིའི་མི་འབོད་ནས་སྒྲིག་ཆས་སྔར་བས་རིག་ནུས་ལྡན་པ་ཡོང་བར་འབད་བཞིན་ཡོད”ཅེས་ཐན་ཆི་ཧའོ་ཡིས་དེ་ལྟར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།