འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱོགས་ཚང་མའི་ཐད་ཀྱི་དམངས་ཕན་སྲིད་ཇུས་ཀྱིས་གངས་ལྗོངས་ས་མཐོའི་ཞིང་འབྲོག་
    པར་བདེ་སྐྱིད་ཀྱི་འཚོ་བ་གསར་པ་སྦྱིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཧུང་མིང་གིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་26ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         བོད་རང་སྐྱོང་ལྗོངས་1951ལོར་ཞི་བས་བཅིངས་འགྲོལ་བཏང་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་འཚོགས་ནས་སྲིད་ཇུས་ཐད་ཞིང་འབྲོག་ཁུལ་དུ་ཤུགས་ཆེན་ཕྱོགས་པ་དང་། ནོར་སྲིད་ཀྱི་གཟིགས་སྐྱོང་ཁ་གསབ་སྲིད་ཇུས་ཁག་མེད་པ་ནས་ཡོད་པའི་བར་ནས་མིག་སྔའི་ཁག་74བར་མང་དུ་ཕྱིན་པ་དེ་ཞིང་འབྲོག་ལས་ཐོན་སྐྱེད་དང་། དབུལ་སྐྱོར་གསར་སྤེལ། སློབ་གསོ་ཚན་རྩལ། འཕྲོན་བསྟེན་སྨན་བཅོས། སྤྱི་ཚོགས་འགན་ལེན་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད། ས་གནས་དེ་གའི་ཞིང་འབྲོག་པ་སྦྱོང་དུས་སློབ་མཁན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། བདེ་སྡོད་ལས་བརྩོན་ཐུབ་པ་བཅས་བདེ་སྐྱིད་ཀྱི་ལམ་བུའི་ཐོག་རིམ་བཞིན་སྐྱོད་བཞིན་ཡོད།
          སྦྱོང་དུས་སློབ་མཁན་ཡོད་པའི་དབང་གིས་ཤེས་ལྡན་པར་གྱུར་པ།
         ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་གི་ཐུབ་བསྟན་རྒྱ་མཚོར་ཆུང་དུས་ནས་ཕ་མ་གཉིས་མེད་པའི་དབང་གིས་གཅེན་མོ་དང་གཅིག་ལ་གཅིག་རྟེན་ངང་འཚོ་བ་བསྐྱལ་ཞིང་། ད་ཆ་པེ་ཅིང་སློབ་ཆེན་ཁྲིམས་ལུགས་སློབ་གླིང་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་འདི་ལོ་སློབ་གྲྭ་ཐོན་གྱི་ཡོད། ཐུབ་བསྟན་རྒྱ་མཚོ་པེ་ཅིང་སློབ་ཆེན་དུ་ཚུད་པ་ནས་བཟུང་ཉེ་འགྲམ་ཤང་གྲོང་གི་ཕྲུ་གུ་ཚོའི་སློབ་སྦྱོང་ཧུར་སེམས་ཀྱང་ཆེ་རུ་ཕྱིན་ཡོད།
         ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་དང་ལེན་བྱེད་པའི་རྨང་གཞིའི་ཐོག་འདི་ལོ་ནས་བཟུང་སློབ་ཆེན་སློབ་མར་མ་དངུལ་རོགས་སྐྱོར་སྲིད་ཇུས་ཀྱི“ཚད་གཞི་མཐོ་རུ་དང་རྒྱ་ཁྱོན་ཆེ་རུ”གཏོང་རྒྱུ་ཡིན་པ་དང་། “ལོ་ལྟར་ལྗོངས་ཕྱིའི་དངོས་གཞིའི་ཚན་ཁག་དང་། ཆེད་ལས་ཚན་ཁག་གི་སློབ་ཆེན་སློབ་མའི་ཚད་གཞི་དེ་སྒོར་ཁྲི་1དང་སྒོར་8000བར་སོ་སོར་སྤོར་རྒྱུ་དང་། ལྗོངས་ནང་ཁུལ་གྱི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་ཆེན་སློབ་མའི་ཚད་གཞི་སྒོར་8000དང་སྒོར་6000སོ་སོར་སྤོར་རྒྱུ་རེད། རབ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མར་ལོ་རེར་སྒོར་ཁྲི་1.5དང་སྒོར་ཁྲི་2སོ་སོར་རོགས་རམ་བྱ་རྒྱུ་རེད། ཞིང་འབྲོག་པ་དེ་བས་མང་བས་ཕྲུ་གུའི་སློབ་སྦྱོང་ཐད་མཐོང་ཆེན་བྱ་ཤུགས་ཆེ་རུ་བཏང་ནས་སློབ་སྦྱོང་མ་བྱས་པའི་དབང་གིས་དབུལ་པོར་གྱུར་མཁན་མི་ཐོན་པ་བྱ་རྒྱུའི་རེ་བ་ཡོད”ཅེས་ལྷོ་ཁའི་སློབ་གསོ་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་འཕྲིན་ལས་སྤེན་པས་བཤད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ལྗོངས་ནོར་སྲིད་ཀྱིས་སློབ་གསོའི་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་600ཙམ་བཏང་ནས་2012ལོར་རྒྱལ་ཡོངས་ཀྱི་སྔོན་དུ་ཞིང་ཆེན་ཁྱབ་ཁོངས་ནང་དུ་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱས་ཡོད། གཞན་ཡང་བོད་ལྗོངས་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་འགྲོ་གྲོན་མི་དགོས་པའི་ཁ་གསབ་ཚད་གཞི་དེ་སློབ་མ་རེར་སློབ་དུས་རེར་སྒོར་620ནས་སྒོར་1650བར་མི་འདྲ་བ་ཡོད། ན་ནིང་སྟོན་དུས་ཀྱི་སློབ་དུས་ནས་བཟུང་སློབ་ཞུགས་གོང་གི་སློབ་གསོ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱི་ཁ་གསབ་ཚད་གཞི་དེ་སློབ་མ་རེར་སློབ་དུས་རེར་སྒོར་2900ནས་སྒོར་3100བར་མང་དུ་བཏང་ནས་ཁྱོན་རིགས་གསུམ་ལ་དབྱེ་བའི་ཁྲོད་ཟས་གྲོན་གྱིས་90%བཟུང་ཡོད།
         ན་དུས་སྨན་བཅོས་ཐུབ་པས་སེམས་ཁྲལ་སེལ་བ།
         མངའ་རིས་ས་ཁུལ་སྒེར་རྩེ་རྫོང་རྒོད་མོ་ཤང་གངས་རོ་གྲོང་ཚོའི་གྲོང་མི་ཟླ་བས་ན་ནིང་འདྲུད་འཐེན་འཁོར་ལོ་གཏོང་སྐབས་འཁོར་རིགས་ཀྱི་ལས་འཛོལ་ཐོན་ནས་སྨན་བཅོས་འགྲོ་གྲོན་ཁྱོན་སྒོར་ཁྲི་12ཙམ་སོང་ཡོད། ཚེ་གང་ཕྱུགས་རིགས་འཚོས་ནས་འཚོ་བ་སྐྱེལ་བཞིན་པའི་ཁོང་ལ་གསོག་དངུལ་མང་པོ་མེད་པའི་ཁར་བསམ་ཡུལ་ལས་འདས་པའི་གནས་ཚུལ་དེས་གནམ་ལྕགས་ཐོག་བབ་ལྟ་བུ་བྱུང་ཡོད།
         ཟླ་བ“སྨན་ཁང་དུ་ལུས་མ་ཐག་ནང་མིར་གནམ་རྡིབ་པ་ལྟར་གྱི་ཚོར་བ་བྱུང་བ་དང་། ང་ཚོས་དངུལ་མང་པོ་འདི་ལྟ་བུ་གཡར་མི་ཐུབ་པས་གྲོང་ཚོ་དང་ཤང་གི་ལས་བྱེད་པས་འཕྲོད་བསྟེན་ཅུས་དང་འབྲེལ་གཏུག་བྱས་ནས་འགྲོ་སོང་རྩིས་ཞུ་བྱེད་རོགས་ཞུས་པས་ཉལ་ཁང་ནས་དོན་མ་ཐག་སྨན་རིན་ཚང་མ་རྩིས་ཞུ་བྱས་ཡོང་བསམ་མ་བྱུང་། ང་རང་གིས་ལམ་གྲོན་དང་ཟས་གྲོན་ཕུད་གང་ཡང་གཏོང་དགོས་མ་བྱུང་། འགན་བཅོལ་ཀུང་སི་དང་། རྫོང་འཕྲོད་བསྟེན་ཅུས། དམངས་སྲིད་ཅུས་བཅས་ཀྱིས་མཉམ་དུ་འགྲོ་སོང་རྩིས་ཞུ་བྱས་བྱུང”ཞེས་བཤད།
         “འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་བརྗོད་པའི་མངའ་རིས་ས་ཁུལ་གྱི་འཚོ་བའི་ཆ་རྐྱེན་ཅུང་ཞན་ཙམ་ཡོད་མོད། འོན་ཀྱང་ས་ཆ་དེ་གའི་སྨན་བཅོས་འགན་བཅོལ་རྗེས་སུ་ལུས་མེད། སྒེར་རྩེ་རྫོང་གིས་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་བ་དང་དུས་མཚུངས་སྲིད་ཇུས་དེ་མང་ཚོགས་ལ་རྒྱུན་ཆད་མེད་པར་ཕྱོགས་ཡོད། སྒེར་རྩེ་རྫོང་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་ཚེ་བརྟན་གྱིས“རྫོང་གིས་བཟོས་པའི་ཐེངས་གཅིག་རང་བཞིན་གྱི་སྨན་བཅོས་འགྲོ་གྲོན་དང་རྫོང་ནང་ཁུལ་དུ་སྨན་བཅོས་དང་ས་ཁུལ་དང་གྲོང་ཁྱེར་གཞན་དུ་སྨན་བཅོས་བྱས་པར་འགྲོ་སོང་རྩིས་ཞུ་85%དང་70%སོ་སོར་བྱས་རྗེས་དམངས་སྲིད་ཀྱིས་སྨན་བཅོས་རོགས་སྐྱོབ་ཐད་ནས་15%དང་30%རྩིས་ཞུ་བྱེད་ཀྱི་ཡོད། རྒྱུན་མཐོང་ནད་གཞི་སྨན་བཅོས་ཐད་སྨན་རིན་སྒོར་ཁྲི་2ལས་བརྒལ་ཕྱིན་འགན་བཅོལ་ཀུང་སི་ནས་བརྒྱ་ཆ་དགུ་བཅུ་ཡན་གྱི་འགྲོ་གྲོན་རྩིས་ཞུ་བྱེད་ཀྱི་ཡོད”ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་ཉེ་འགྲམ་གྱི་རྫོང་དང་ཆུས་དང་། ལྷོ་ཁ། མངའ་རིས་སོགས་ས་ཆའི་སྨན་ཁང་མང་པོ་ཞིག་གིས། 2014ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་སྨན་ཁང་མང་པོ་ཞིག་དང་མཉམ་ལས་བྱས་ནས། ལྗང་མདོག་བགྲོད་ལམ་ཤར་གཏོང་བྱས་ཏེ། ས་ཆ་དེ་གར་སྨན་བཅོས་བྱེད་མི་ཐུབ་པ་ལྷ་སར་ཡོང་ནས་སྨན་བཅོས་བྱེད་པ་དང་སྔོན་ལ་སྨན་བཅོས་དང་རྗེས་སུ་རྩིས་རྒྱག་པའི་བྱེད་ཐབས་བརྒྱུད། ཞིང་འབྲོག་པའི་སེམས་ཁྲལ་རིམ་བཞིན་བསལ་ཡོད།
         2015ལོར་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་དེ་སྔའི་མི་རེར་ལོ་རེར་སྒོར་380ནས་སྒོར་420བར་མཐོ་རུ་བཏང་བ་དང་། སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་གི་འགྲོ་སོང་རྩིས་ཞུའི་ཁ་གསབ་ཀྱི་བསྡུར་གྲངས་80%ཡན་ཟིན་ཡོད། ཤང་གྲོང་འཕྲོད་བསྟེན་ཁང་གི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་དང་རྫོང་སྨན་ཁང་གི་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་ཚང་མ་དུས་ཐོག་ཏུ་རྩིས་ཞུ་བྱེད་ཀྱི་ཡོད། བོད་ལྗོངས་ཀྱིས་ན་ནིང་སྨན་བཅོས་འཕྲོད་བསྟེན་ལ་མ་དངུལ་སྒོར་དུང་ཕྱུར་65.6བཏང་བ་དེ་ལོ་གོང་མ་ལས་34.3%འཕར་ཡོད།
         རྒས་དུས་འཚོ་བརྟེན་ཡོད་པས་ཚེ་རིང་ཡོང་རེ་བྱས་པ།
         རྒན་གསོའི་མ་ལག་ཆ་ཚང་ནི་དམངས་སེམས་ཕྱོགས་ཡུལ་ཞིག་ཡིན་པ་རེད། ཉེ་བའི་ལོ་ཤས་ནང་བོད་ཀྱིས་རྒྱལ་ཁབ་ཀྱི་ད་ལྟ་ལག་བསྟར་བྱེད་པའི་རྒན་གསོའི་སྲིད་ཇུས་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་སླར་ཡང“རང་འདེམས་བྱ་སྤྱོད”འཚོལ་ཞིབ་བྱས་ནས་ནོར་སྲིད་མ་དངུལ་མང་ཚོགས་ཀྱི་དགོས་མཁོ་ཆེ་སར་སྤྱད་ཡོད།
         ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོའི་ལོ་63ལ་སླེབས་པའི་བཀྲ་དབང་གིས“རང་ཉིད་ལ་ཁོམ་པ་བྱུང་ཚེ་ཟི་ར་སེར་པོ་སོགས་སྨན་རྩ་འཐུ་བར་འགྲོ་གི་ཡོད། ལོ་གཅིག་ལ་ཡོང་འབབ་སྒོར་ཉིས་སྟོང་ལྷག་ཙམ་ཡོང་གི་འདུག ད་ཆ་སྲིད་ཇུས་ལོ་རེ་བཞིན་ལེགས་སུ་ཕྱིན་ནས་ངའི་རྒན་གསོའི་དངུལ་སྒོར་200ལྷག་ཙམ་བར་མཐོ་རུ་བཏང་འདུག ཁ་གསབ་ཆ་ཚང་བསྡོམས་ཚེ་ལོ་གཅིག་གི་འགྲོ་སོང་འདང་ངེས་འདུག”ཅེས་བཤད།
         བོད་ལྗོངས་ཀྱིས་2013ལོ་ནས་བཟུང་མ་དངུལ་སྒོར་དུང་ཕྱུར་30ཙམ་བཏང་ནས་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཁག་80དང་དྭ་ཕྲུག་གི་ཕན་བདེ་ཁང་10བསྐྲུན་པ་དང་འབྲེལ་དེ་མཚུངས་ཀྱི་སྒྲིག་ཆས་ཀྱང་བཀོད་སྒྲིག་བྱས་ཏེ། ན་ནིང་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་སྔ་སྣུར་དུ་འགན་ལེན་ལྔའི་ནང་ཞུགས་འདོད་ཡོད་པའི་རྒན་རྒོན་11633དང་དྭ་ཕྲུག་5652ཡོད་པ་ཚང་མ་གཅིག་སྡུད་ཐོག་བསྙེན་བཀུར་འཚོ་སྐྱོང་ཐུབ་ཡོད།
         གཞན་ཡང་བོད་ལྗོངས་ཀྱིས་ན་ནིང་ནས་བཟུང་ཞིང་འབྲོག་ཁུལ་གྱི“རྒན་གྲས་གསུམ”(ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ངལ་རྩོལ་དཔེ་བཟང་བ་རྒན་གྲས)གྱི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས་རིགས་ཁག་གི་མི་སྣར་ཟླ་རེར་ཁ་གསབ་སྒོར་400ནས་600བར་སྤྲོད་ཀྱི་ཡོད།
         བདེ་སྡོད་ལས་བརྩོན་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ།
         བོད་བྱང་ཐང་དུ་གནས་པའི་ནག་ཆུ་ས་ཁུལ་གྱི་ས་བབ་མཐོ་ཚད་ཆ་སྙོམས་རྒྱ་མཚོའི་ངོས་ལས་སྨི་4500ཡན་ཡོད་པ་དང་། རང་བྱུང་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། ཉེ་བའི་ལོ་ཤས་ནང་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལས་ཞིང་འབྲོག་པ་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་ཡོད། བོད་ཀྱིས་2006ལོ་ནས་2013ལོ་བར་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་277.97བཏང་ནས་དུད་ཚང་ཁྲི་46.03གྱི་སྡོད་ཁང་གསར་པ་བརྒྱབ་ཡོད།
         ལོ་46ལ་སླེབས་པའི་བདེ་དགའ་ལྷོ་མ་གྲོང་རྡལ་དྭངས་གཙང་རྒྱ་མཚོ་ཞིང་འབྲོག་དཔལ་འབྱོར་མཉམ་ལས་རྩ་འཛུགས་སུ་ཞོ་ལས་སྣོན་བྱས་ནས་ལོ་5སོང་ཡོད། ཁོང་གིས“ང་འདིར་གླ་པ་བྱས་པར་ཟླ་རེར་གླ་ཕོགས་སྒོར་1800ཡོད་པ་མ་ཟད། ད་དུང་ལས་ཀ་འཕར་མ་བྱས་ཚེ་ཟླ་རེར་སྒོར་3000ཡོད་པས། ནང་དུ་ལས་ཀ་མེད་པར་སྡོད་པ་ལས་ཡག་པ་འདུག”ཅེས་བཤད།
         ནག་ཆུ་ས་ཁུལ་གྱི་ཞིང་འབྲོག་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཐོག་མ་དེ་ཡིན་པའི་ངོས་ནས། དྭངས་གཙང་རྒྱ་མཚོ་2005ལོར་ཐོག་མར་འཛུགས་སྐབས་དང་བསྡུར་ན། རྒྱ་སྟོབས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། དབྱར་སྟོན་གཉིས་ཀྱི་དུས་སུ་ཉེ་འགྲམ་གྱི་གྲོང་ཚོ་ནས་འོ་མ་ཉོས་ཏེ་ཞོ་དང་མར་སོགས་ལས་སྣོན་གྱིས་ལྷ་ས་དང་ནག་ཆུ་གྲོང་ཁུལ་སོགས་སུ་བཙོངས་པ་མ་ཟད། ད་དུང་མཚོ་བོད་གཞུང་ལམ་གྱི་ཟུར་དང་མཚོ་བོད་ལྕགས་ལམ་ཐོག་འཚོང་བར་སྐྱོད་ཀྱི་ཡོད།
         བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཁོར་ཡུག་ལས་ཁྱད་ལྡན་ཐོན་ཁུངས་བཏོད་དེ། ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ལ་གློ་བུར་དུ་གྲུབ་འབྲས་གསར་པ་ཐོབ་པ་དང་། ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱེད་པའི་ཕན་འབྲས་རིམ་པས་ཐོན་བཞིན་ཡོད། ན་ནིང་ལོ་མཇུག་བར་བོད་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་4624ཡོད་པ་དང་། ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་40%ཟིན་ནས། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་8244ཟིན་ཡོད་པ་རེད།
         ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་ཡོངས་དང་། ཁྱབ་ཁོངས་ཆ་ཚང་། དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཅས་ལས་འཛམ་གླིང་ཡང་རྩེའི་ཐོག་གི་ཞིང་འབྲོག་པ་ཚོས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་བསུ་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།