འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུགས་འདུན་གྱི་འོད་ཟེར“འཛམ་གླིང་ཡང་རྩེར”ཡོངས་སུ་འཕྲོས།

    —— གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་65ཚུན་གྱི་འཕོ་འགྱུར་ཆེན་པོའི་སྐོར་གླེང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་25ཉིན། 08:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཕུགས་འདུན་གྱི་འོད་ཟེར“འཛམ་གླིང་ཡང་རྩེར”ཡོངས་སུ་འཕྲོས།
         1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་》དེ་པེ་ཅིང་ཀྲུང་ནན་ཧའེ་སྲིད་བརྩོན་ཚོམས་ཆེན་དུ་བཞག་པ་རེད། དུས་དེ་ནས་བཟུང་བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་སྐྱོད་འགོ་ཚུགས།
         ལོ་65ཡི་རིང་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ནམ་མཁའ་སྔོ་ཞིང་དྭངས་ལ་ས་རྒྱུ་གཤིན་པའི“འཛམ་གླིང་ཡང་རྩེའི”ཐོག་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་འོག་སྤྲོ་བ་ཆེན་པོས་ལས་ལ་ཞུགས་པ་དང་ཕུགས་བསམ་དོན་གཉེར་གྱིས་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་རྩོམ་འགོ་ཚུགས།
         འོད་ཟེར་གྱིས་མུན་ནག་ཡོངས་སུ་བསལ།
         ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་བྲན་སྡེ་ཁུལ་དུ་སྡོད་མཁན་ལོ་72ལ་སླེབས་པའི་རྒན་མོ་པ་སངས་སྒྲོལ་མའི་ཁྱིམ་དུ་བསྐྱོད་པ་ཡིན།
         དགུན་གྱི་གྲང་ངར་འགྲིམས་མྱོང་མཁན་གྱིས་དཔྱིད་ཀྱི་དྲོ་སྐྱིད་ལྷག་པར་ཚོར་གྱི་ཡོད། སྤྱི་ཚོགས་རྙིང་པར་རང་ལ་བདག་པའི་སྡོད་གནས་མེད་མོད་ད་ཆ་སྨི་ངོས་གྲུ་200ཟིན་པའི་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་ཞིང་། པ་སངས་སྒྲོལ་མས“དེ་འདྲ་སྔོན་ཆད་བསམ་བློའི་ནང་འཁོར་མྱོང་མེད”ཅེས་བཤད་བྱུང་།
         དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་འགྲིལ་ཐུབ་པ་བྱ་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་ནོར་སྲིད་མ་དངུལ་70%ཡན་དམངས་འཚོའི་ཁྱབ་ཁོངས་ནང་བཏང་ནས་ལོ་15ཡི་རིན་མེད་སློབ་གསོ་གཞན་གྱི་སྔོན་དུ་མངོན་འགྱུར་བྱུང་བ་དང་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་ཐུབ་པའི་ཁར་གཞན་གྱི་སྔོན་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་དོ་སྙོམས་ཅན་དུ་གྱུར་ཡོད།
         ལོ་76ལ་སླེབས་པའི་རྒན་མོ་མི་ཧྲེང་ལྷག་པ་སྒྲོལ་མར་ངལ་ནུས་མེད་ལ་འཚོ་བའི་དངུལ་ཡོང་ཁུངས་ཀྱང་མེད་མོད། འོན་ཀྱང་སྲིད་གཞུང་གིས་ཟླ་རེར་ཁོང་ལ་མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་630སྤྲོད་ཀྱི་ཡོད། ལོ་གཉིས་ཀྱི་གོང་སྙིང་ནད་ཕོག་ནས་ལྷག་པ་སྒྲོལ་མ་སྨན་ཁང་དུ་སྡོད་དགོས་བྱུང་བ་དང་། སྨན་རིན་ཧ་ཅང་མཐོ་པོ་ཡོད་པའི་དབང་གིས་བར་སྐབས་ཤིག་རིང་ཁོང་ལ་སྨན་བཅོས་བྱེད་མཚམས་འཇོག་རྒྱུའི་བསམ་བློ་འཁོར། ཡིན་ནའང་གྲོང་མི་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་ནད་ཆེན་རོགས་སྐྱོར་ལམ་སྲོལ་ལག་ལེན་བསྟར་འགོ་ཚུགས་པས་རྒན་མོར་བདེ་བླག་ངང་སྨན་བཅོས་ནུས་ལྡན་ཐུབ་ཡོད་པ་རེད།
         རང་དབང་བྱུང་ནས་ཚེ་སྲོག་གསར་པའི་གསོན་ཤུགས་འཕེལ་བ།
         མིག་སྔར་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོར་རྒྱལ་ཁབ་ཀྱི་བྱ་བར་དོ་དམ་བྱེད་པའི་ནང་འདྲ་མཉམ་ངང་ཞུགས་པའི་དབང་ཆ་མཉམ་སྤྱོད་ཐུབ་ཅིང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མིའི་ཁྲོད་བོད་རང་སྐྱོང་ལྗོངས་ལ་བོད་རིགས་དང་། མོན་པ་རིགས། ལྷོ་པ་རིགས་བཅས་ཀྱི་འཐུས་མི་12ཡོད་པ་དང་། མི་འབོར་ཅུང་ཉུང་ཡང་མི་རིགས་སོ་སོར་འཐུས་མི་རེ་ཡོད།
         བཀྲ་ཤིས་དབྱངས་ཅན་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མིའི་ཁྲོད་ཀྱི་ལྷོ་པ་རིགས་ཀྱི་འཐུས་མི་གཅིག་པུ་དེ་ཡིན་པ་དང་། ཁོང་གིས་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་འཛུགས་སྐྲུན་དང་རིག་གནས་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ནས་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་ལྷོ་པ་རིགས་ཀྱི་གྲོང་སྡེའི་རྣམ་པ་ཞིག་རགས་ཙམ་ཆགས་ཡོད། ཁོང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བོད་ཀྱི་སྤྱི་ཚོགས་ལ་དོ་དམ་དང་རང་ཉིད་ཀྱི་ལས་དབང་གི་ཁ་ལོ་སྒྱུར་བའི་དབང་ཆ་སྟངས་འཛིན་ཐུབ་ནས་རང་མོས་ངང་རང་ཉིད་ཀྱི་འཕེལ་རྒྱས་ཐབས་ལམ་གདམ་ཆོག་གི་ཡོད་ཅེས་བཤད་བྱུང་།
         མིག་སྔར་བོད་བརྒྱུད་ནང་བསྟན་ལ་དམིགས་བསལ་དུ་ཡོད་པའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཐབས་ལ་བརྩི་འཇོག་གང་ལེགས་ཐོབ་ཡོད་པ་དང་། དགོན་སྡེའི་ནང་དཔེ་ཆ་སྦྱོང་བ་དང་། རྟགས་གསལ་གཏོང་བ། སྡོམ་པ་ལེན་པ། དབང་ཞུ་བ། སྒོམ་སྒྲུབ་བྱེད་པ་སོགས་སྲོལ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་རྒྱུན་གཏན་ལྟར་སྤེལ་བཞིན་ཡོད་ལ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་འགན་ལེན་ནུས་ལྡན་ཐུབ་ཡོདཔ་རེད།
         ཀྲུང་གོ་གསར་པས་གསོ་སྐྱོང་གནང་བའི་བོད་རིགས་གསོ་རིག་འབུམ་རམས་པ་དང་པོ་སྐལ་བཟང་ནོར་བུས། ལོ་བརྒྱ་ཕྲག་ཁ་ཤས་རིང་གཉའ་གནོན་དང་བཤུ་གཞོག་ཕོག་པ་དང་བྲན་གཡོག་བྱེད་མྱོང་བའི་བོད་ཀྱི་ངལ་རྩོལ་མི་དམངས་རྣམས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཁྱིམ་རང་བདག་བྱུང་སྟེ་མི་རབས་ནས་མི་རབས་བར་གྱི་སེམས་ནང་གི་རང་དབང་དང་བདེ་སྐྱིད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད་ཅེས་བཤད་བྱུང་།
         སྐལ་བཟང་ནོར་བུ་སྨན་བཅོས་ཀྱི་ལས་ལ་ཞུགས་ནས་ལོ་25འདས་པ་དང་འབུམ་རམས་པ་ཐོན་ནས་ལོ་16འགྲོ་གི་ཡོད་ཅིང་། ནང་སའི་གྲོང་ཁྱེར་ཆེ་གྲས་སུ་བསྡད་དེ་འཕེལ་རྒྱས་ཡོང་བ་དང་ཕྱི་རྒྱལ་དུ་སྐྱོད་པའི་གོ་སྐབས་བློས་བཏང་ནས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ནང་ཞུགས་པས་རྒྱལ་ནང་ཙམ་མ་ཟད་ཐ་ན་རྒྱལ་སྤྱིའི་སྔོན་ཐོན་གྱི་གྲུབ་འབྲས་མང་དག་ཅིག་ཐོབ་ཡོད། སྐལ་བཟང་ནོར་བུས་རྟག་ཏུ“གུང་ཁྲན་ཏང་མེད་ན་ང་ཚོའི་ཁྱིམ་ཚང་ཡོང་ཐབས་མེད་ལ་ཁྱེད་ཚོའི་ད་ཆའི་གྲུབ་འབྲས་དེ་བས་ཀྱང་ཡོང་མི་སྲིད”ཅེས་པའི་ཕའི་བཀའ་སློབ་དུས་རྟག་ཏུ་མི་གཞན་ལ་གླེང་གི་ཡོད།
         མཆོང་སྐྱོད་ལ་བརྟེན་ནས་འོད་སྟོང་འཕྲོ་བའི་ལེའུ་མུ་མཐུད་རྩོམ་འགོ་ཚུགས།
         ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ཀྱི་དཔལ་འབྱོར་དུས་ཡུན་རིང་པོ་འཕེལ་མེད་རང་སོར་གནས་པ་དང་དེང་རབས་ཀྱི་བཟོ་ཚོང་ལས་རིགས་སྤྱིར་ན་མེད་ཅིང་། ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ལྗོངས་འདི་ཉིད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་འགོ་ཚུགས་ཤིང་། བོད་རང་སྐྱོང་ལྗོངས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ཏུ་བོད་ཀྱི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་1000ལས་བརྒལ་ནས་མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་བསྡོམས་འབོར་སྒོར་30000ལས་བརྒལ་བ་དང་གློག་ཤུགས་གློག་འདོན་འཕྲུལ་འཁོར་གྱིས་གློག་འདོན་ཚད་ཆན་ཝ་200ལས་བརྒལ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་ཡོད།
         ལོ་བཅུ་གྲངས་ཁ་ཤས་རིང་གི་འཕེལ་རྒྱས་བརྒྱུད་བོད་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་དེ་རིམ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་པ་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་དང་། ནོར་སྲིད་དཔྱ་ཁྲལ་གྱི་ཡོང་ཁུངས་གལ་ཆེན། ལས་ཞུགས་རྒྱ་ཆེར་གཏོང་བའི་ཐབས་ལམ་གལ་ཆེན་བཅས་སུ་གྱུར་པ་དང་། 2015ལོར་དཔྱ་ཁྲལ་སྒོར་དུང་ཕྱུར་166.93གོང་འབུལ་ཞུས་པ་དེས་བོད་རང་སྐྱོང་ལྗོངས་ཀྱི་ཁྲལ་འཇལ་བསྡོམས་འབོར་གྱི་93.8%བཟུང་གི་ཡོད་པ་རེད།
         ཉེ་ཆར་བཙུགས་མ་ཐག་གི་བོད་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན་པའི་ལྷོ་ཁ་གྲོང་ཁྱེར་དུ་བོད་དུ་ལོ་30ལྷག་ཙམ་འཚོ་བ་བསྐྱལ་ནས་བསྡད་པའི་ཧོང་ཡུས་ཅན་གྱིས་བོད་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་ལུགས་དཔང་པོ་བྱས་ཡོད། ཁོང་ཐོག་མའི་དུས་སུ་རྐང་པར་བཅིངས་འགྲོལ་ལྷམ་གྱོན་པ་དང་། ལག་ཏུ་རྐུབ་སྟེགས་ཆུང་ཆུང་འཁྱེར་བ། ཕྲག་ཐོག་ཏུ་ཤེལ་སྒྲོམ་འཁྱེར་བ་བཅས་ཀྱི་ཆུ་ཚོད་བཟོ་མཁན་ཞིག་ནས་མ་རྩ་སྒོར་ཁྲི་སྟོང་ཕྲག་ལས་བརྒལ་བ་དང་ཚོགས་སྤྱི་དབུལ་པོའི་མི་བརྒྱ་ཙམ་ལ་ལས་ཞུགས་བཀོད་སྒྲིག་བྱེད་མཁན་ལྷོ་ཁའི་ཡུལ་སྐོར་ཨར་ཁང་ཞབས་ཞུའི་ལས་རིགས་ཀྱི་སྣེ་ཁྲིད་མི་སྣ་ཞིག་ཏུ་གྱུར་ཞིང་། ཁོང་གིས“བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དེས་ང་ལ་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་བ་བཏོད་བྱུང་བས་བོད་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་དབུལ་སྐྱོར་དཀའ་སེལ་ལས་དོན་ནང་ཧུར་ཐག་ཞུགས་ཏེ‘ཕ་ཡུལ་གཉིས་པར’དྲིན་ལན་འཇལ་རྒྱུ་ནི་ངའི་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན”ཞེས་བཤད།
         “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོགས”ཞེས་གྲགས་པའི་བོད་དུ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། བོད་རིགས་ཚོང་པ་ཟླ་བ་དོན་གྲུབ་ཀྱིས་སྒྱུར་བཅོས་སྒོ་དབྱེའི་གོ་སྐབས་བཟང་པོ་དང་བསྟུན་ནས་བོད་ཀྱི་གཏེར་ཆུ་རྒྱལ་ཡོངས་ས་གནས་ཁག་དང་ཡོ་རོབ་དང་གླིང་ཆེན་ཨ་མེ་རི་ཁར་བཙོངས་ནས་འཛམ་གླིང་ཡོངས་ཀྱིས་བོད་ཀྱི་ཆུ་བཟང་མཉམ་སྤྱོད་ཐུབ་པ་བྱས་ཡོད་ཅེས་བཤད།
         ལོ་བཅུའི་གོང་འཛམ་གླིང་ཡང་རྩེའི་ལྕགས་ལམ་དང་པོ་ཡིན་པའི་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་འཛམ་གླིང་ཡོངས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ཅིང་། ད་ཆ་ལྷ་གཞིས་ལྕགས་ལམ་དེ་བོད་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་གཞིས་རྩེ་དང་སྦྲེལ་མཐུད་ཐུབ་ཡོད་ལ“གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”དུ་སྐྱོད་པའི་ལྷ་ཉིང་ལྕགས་ལམ་ཡང་ཨར་སྐྲུན་ཚ་ཚ་འུར་འུར་བྱེད་བཞིན་ཡོད། རང་སྐྱོང་ལྗོངས་ཀྱི་འཆར་འགོད་གསར་ཤོས་ལ་གཞིགས་ན་བོད་ཀྱི་ལྕགས་ལམ“ལམ་ཐིག་གཅིག”ནས“དྲ་ལམ་གཅིག”ཏུ་འགྱུར་རྒྱུ་ཡིན་པ་རེད།
         “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོར་བོད་རང་སྐྱོང་ལྗོངས་ཀྱིས་2020ལོར་སླེབས་སྐབས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2010ལོ་ལས་ལྡབ་གཅིག་ཡན་མཐོ་རུ་བཏང་སྟེ་བདེ་སྡོད་ལས་བརྩོན་དང་། འགན་སྲུང་ནུས་ལྡན། ཁྱིམ་གཞིས་མཛེས་སྡུག་ལྡན་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།