འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་བར་སྐོར་གྱི་མཐོང་ཐོས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་14ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         དཔྱིད་ཟླ་ར་བའི་ལྷ་སར་དཔྱིད་རླུང་སིལ་སིལ་དུ་ལྡང་ལ། ལྗོན་ཤིང་དག་གི་ཤིང་རྩེ་ཁ་འབུས་བཞིན་མཆིས། ཚེས་10ཉིན་ཞོགས་པའི་ཉི་གཞོན་ལྷ་སའི་གྲོང་ཁུལ་རྙིང་པའི་བར་སྐོར་ཁྲོམ་གཞུང་དུ་དལ་གྱིས་འཕྲོས་བཞིན་ཞབས་སྐོར་དུ་འགྲོ་མཁན་དང་། སློབ་གྲྭར་སྐྱོད་མཁན་ཕྲུ་གུ ཕྱི་ནས་ཡོང་བའི་ཡུལ་སྐོར་བ་བཅས་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་འདུག
         གཙུག་ལག་ཁང་གི་མདུན་དུ་བོད་ཀྱི་ས་ཕྱོགས་གཞན་ནས་ཡོང་བའི་དད་ལྡན་མང་ཚོགས་ཚོས་རྒན་སྐྱོར་གཞོན་འཁྲིད་དང་ལག་ཏུ་མ་ཎི་ལག་སྐོར་འཁྱེར་ཏེ་ཁ་འདོན་བྱེད་བཞིན་སྐོར་བ་རྒྱག་གི་འདུག ལུས་ལ་བོད་ཆས་གསར་རྐྱང་གྱོན་པའི་ལོ་བདུན་ཅུར་སླེབས་པའི་ཨ་མ་ཚེ་རིང་གཡང་འཛོམས་ནི་ལོ་ལྔ་བཅུའི་གོང་དུ་ལྷ་སར་གཞིས་ཆགས་ཤིང་། ཁོང་གིས་གསར་འགོད་པར“སྐབས་དེ་དུས་བར་སྐོར་གྱི་ལམ་ཚང་མ་ས་རྡོའི་ལམ་ཡིན་པས་ཆར་པ་བབས་ཚེ་འགྲོ་ཁག་པོ་ཡོད། ད་ཆ་སྲིད་གཞུང་གིས་རྡོ་གཅལ་བཏིངས་པས་འགྲོ་བདེ་རུ་ཕྱིན་འདུག”ཅེས་བརྗོད་བྱུང་།
          དགོད་སྒྲ་ལྷང་ལྷང་ཁྲོད་ཕྲུ་གུ་ཚོས་རྒྱབ་ཏུ་དཔེ་ཁུག་འཁྱེར་ནས་སློབ་གྲྭར་བསྐྱོད་ཅིང་། སློབ་གོས་གྱོན་པའི་དབྱངས་ཅན་སྒྲོལ་དཀར་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ལོ་རིམ་གསུམ་པའི་སློབ་མ་ཡིན། སློབ་གྲྭར་འགྲོ་བདེ་ཡོང་ཆེད། ལོ་དགུ་ལ་སླེབས་པའི་བུ་མོ་དེ་བར་སྐོར་འགྲམ་དུ་ཡོད་པའི་རྨོ་བོ་ལགས་ཀྱི་ཁྱིམ་དུ་སྡོད་ཀྱི་ཡོད། “སློབ་གྲྭར་ཞོགས་པའི་ཆུ་ཚོད་བརྒྱད་པར་འབྱོར་དགོས་ཀྱི་ཡོད། ད་ཕྱི་འབྱོར་ལུས་གྲབས་འདུག སློབ་ཚན་ཕྱི་འབྱོར་ལུས་ན་ག་ནས་འགྲིག”ཅེས་བརྗོད་བཞིན་དབྱངས་ཅན་སྒྲོལ་དཀར་གྱི་ཨ་མས་བུ་མོ་འཁྲིད་དེ་བྲེལ་འཚུབ་ངང་མི་ཚོགས་ཁྲོད་སྐྱོད་བཞིན་སྣང་།
         ཉི་མ་རིམ་གྱིས་བར་སྐོར་ཡོངས་སུ་འཕྲོས་ཤིང་། གཙུག་ལག་ཁང་དུ་མཆོད་མཇལ་འགྲོ་མཁན་གྱི་གྲལ་རིང་དུ་སོང་། ཡུན་ནན་ནས་ཡིན་པའི་ཡུལ་སྐོར་བ་ལེའོ་ཝུའེ་ཡིས“དཔྱིད་དུས་ཀྱི་ལྷ་ས་དེ་བས་མཛེས་པོ་འདུག་ལ། ས་མཐོའི་ཡུལ་ལྗོངས་དེ་བས་མཛེས་པོ་འདུག བོད་མི་རིགས་ཀྱིས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཡག་པོ་བྱས་འདུག ངས་མེས་རྒྱལ་སྟོབས་འབྱོར་ལྡན་པ་དང་། མི་རིགས་མཐུན་སྒྲིལ། བོད་ཀྱི་མི་དམངས་འཚོ་བ་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བརྗོད་བྱུང་།
         བར་སྐོར་ཁྲོམ་གཞུང་ནི་ལོ་1300ལྷག་ཙམ་གྱི་གོང་དུ་གཙུག་ལག་ཁང་ཕྱག་བཏབ་པ་དང་བསྟུན་ནས་དད་ལྡན་མང་ཚོགས་རིམ་གྱིས་དེའི་མཐའ་འཁོར་དུ་ཆགས་ནས་འཕེལ་རྒྱས་ཕྱིན་པའི་ཁྲོམ་གཞུང་ཞིག་ཡིན་ལ། ལྷ་སའི་སྐོར་ལམ་གསུམ་གྱི་ནང་ནས་གཅིག་ཡིན་པ་དེ་རྒྱལ་ཡོངས་ཀྱི་ཁག་དང་པོའི་ལོ་རྒྱུས་རིག་གནས་གྲགས་ཅན་ཁྲོམ་གཞུང་ནང་ཚུད་ཡོད། དེ་གར་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། མོན་པ་རིགས་སོགས་མི་རིགས་མང་པོ་ཞིག་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད།
         ཐང་བོད་རྡོ་རིང་གི་ཕར་ཕྱོགས་སུ་ཡོད་པའི་ཚོང་ཁང་དག་སྒོ་ཕྱེ་ནས་སྐུ་མགྲོན་བསུ་བཞིན་མཆིས། ཧུའུ་པེ་ནས་ཡིན་པའི་སྐུ་ཞབས་ཀྲང་ཧྥང་གིས་རྒྱན་ཆའི་ཚོང་ཁང་གཅིག་བཙུགས་ཡོད། ད་ལྟ་བོད་དུ་ཡུལ་སྐོར་བྱེད་མཁན་དེ་ཙམ་མང་པོ་མེད་ཀྱང་། ཁོང་གིས་ཚོང་ཟོག་གསར་པ་འཐེན་ནས་ཡུལ་སྐོར་བ་མང་བའི་སྐབས་སུ་འཚོང་བརྩིས་བྱེད་བཞིན་འདུག
         ཁོང་གིས“ང་བོད་དུ་སྐྱེས་པ་རེད། ནང་སར་ལོག་ནས་འཚོ་བ་ལོ་20ལྷག་ཙམ་བསྐྱལ་རྗེས་སླར་ཡང་བོད་དུ་ཡོང་བ་ཡིན། ང་གནས་དེའི་འཚོ་བར་གོམས་པ་མ་ཟད། འབྲལ་མི་ཕོད་པའི་སྣང་བ་ཞིག་ཡོང་གི་འདུག”ཅེས་བརྗོད་བྱུང་།
         ཉིན་དགུང་མཚམས་སུ་བར་སྐོར་དུ་སྐོར་བ་རྒྱག་མཁན་ཇེ་མང་དུ་སོང་ཞིང་། ཁ་འདོན་གྱི་སྒྲ་དང་། ཅ་ལག་འཚོང་བའི་སྒྲ དགའ་སྤྲོའི་གླེང་མོལ་གྱི་སྒྲ་བཅས་ཀྱིས་སྐབས་ཤིག་རིང་བར་སྐོར་གྱི་མཁའ་དབྱིངས་ཡོངས་སུ་ཁེངས། ༼ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཐང་དབྱང་དང་། པེ་མིང་ཧྲན། ཞུས་དབན་ཧུའུ། ༽
      

    ཕྱོགས་བསྡུས་གསར་འགྱུར།