འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱིས་ཧན་གོ་ཕྱོགས་ཀྱི་རྒྱུ་ནོར་གཙང་རྩིས་རྒྱག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་14ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་10ཉིན་ཁྲའོ་ཞན་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཁྲའོ་ཞན་དང་ཧན་གོའི་དབར་གྱི་དཔལ་འབྱོར་མཉམ་ལས་སྤེལ་རེས་གྲོས་མཐུན་བཞག་པ་དེ་དག་ཚེས་10ཉིན་ནས་བཟུང་ཚང་མ་རྩིས་མེད་དུ་གཏོང་རྒྱུ་ཡིན་པ་དང་ཁྲའོ་ཞན་ཕྱོགས་ཀྱིས་ཁྲའོ་ཞན་ས་མཚམས་ནང་གི་ཧན་གོའི་ཁེ་ལས་དང་འབྲེལ་ཡོད་སྒྲིག་གཞིའི་རྒྱུ་ནོར་ཚང་མ་རྦད་དེ་གཙང་རྩིས་རྒྱག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། དེ་རྗེས་ཧན་གོ་གཅིག་གྱུར་པུས་གནད་དོན་དེར་ཁ་ཡ་མི་བྱེད་པ་གཏན་ནས་བྱེད་མི་སྲིད་ཅེས་ལན་སློག་པ་རེད།
         ཁྲའོ་ཞན་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་དེ་ཉིན་གཏམ་བཤད་སྤེལ་ནས་ཚེས་10ཉིན་ནས་བཟུང་ཁྲའོ་ཧན་དབར་ཁྱབ་བསྒྲགས་བྱས་ཟིན་པའི་དཔལ་འབྱོར་དང་མཉམ་ལས་སྤེལ་རེས་བྱ་གཞག་དང་འབྲེལ་བའི་གྲོས་མཐུན་བཞག་པ་ཚང་མ་རྩིས་མེད་དུ་གཏོང་རྒྱུ་ཡིན་པ་དང་དུས་མཚུངས་ཧན་གོ་ཕྱོགས་རྐྱང་པས་རི་བོ་ཅིན་ཀང་ཧྲན་གྱི་ཡུལ་སྐོར་དང་ཁའེ་ཁྲེང་བཟོ་ལས་གླིང་ཁུལ་འཁོར་རྒྱུག་བྱེད་མཚམས་ཁྱོན་ཡོངས་ནས་བཅད་ཐོག་ཁྲའོ་ཞན་ཕྱོགས་ཀྱིས་ཁྲའོ་ཞན་ས་ཁོངས་ནང་གི་ཧན་གོའི་ཁེ་ལས་དང་འབྲེལ་ཡོད་སྒྲིག་གཞིའི་རྒྱུ་ནོར་ཚང་མ་རྦད་དེ་གཙང་རྩིས་རྒྱག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། མགྲིན་ཚབ་པས་ད་དུང་ཧན་གོར་ཆབ་སྲིད་དང་། དམག་དོན། དཔལ་འབྱོར་བཅས་ཀྱི་ཐོག་ནས་མུ་མཐུད་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
         མགྲིན་ཚབ་པས་ཚེས་8ཉིན་ཧན་གོ་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་ཁྲའོ་ཞན་ལ་ཕྱོགས་རྐྱང་པའི་གཅུན་སྡོམ་བྱེད་ཐབས་སྤྱད་པར་རྒོལ་གཏམ་བཏང་ནས“དགྲ་བོ་ཕྱོགས་ཀྱིས་བྱེད་སྤྱོད་སྤེལ་བ”ཤེས་འཕྲལ་ཁྲའོ་ཞན་གྱིས་སྔོན་རྒོལ་གཞན་འདུལ་གྱི་ཁ་གཏད་གཅོག་ཐབས་ཐོག་ནས་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཧན་གོ་གཅིག་གྱུར་པུས་གསལ་བསྒྲགས་སྤེལ་བའི་ནང་ཁྲའོ་ཞན་གྱི་ཕྱོགས་རྐྱང་པའི་འདོད་ཚུལ་དེ་དང་ལེན་གཏན་ནས་བྱ་རྒྱུ་མིན་ཞེས་འཁོད་ཡོད། གསལ་བསྒྲགས་ནང་ཁྲའོ་ཞན་གྱིས་ཉིང་རྡུལ་ཚོད་ལྟ་དང“རྒྱང་འཕེན་འཕུར་མདེལ”འཕེན་གཏོང་བྱས་ནས་བརྙས་ཚབས་ཆེན་བརྐོས་རྗེས་ཧན་གོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལུགས་མཐུན་གཅུན་སྡོམ་བྱེད་ཐབས་ལ་ཐ་ཤལ་གྱི་སྐད་ཆའི་ཐོག་ནས་སྐུར་འདེབས་བྱས་པ་མ་ཟད། སླར་ཡང་ཧན་ཁྲའོ་དབར་གྱི་གྲོས་མཐུན་ཚང་མ་རྩིས་མེད་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་ཁྲའོ་ཞན་ས་ཁོངས་ནང་གི་ཧན་གོའི་རྒྱུ་ནོར་ཚང་མ་རྦད་དེ་གཙང་རྩིས་རྒྱག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དེ་ནི་བརྙས་བརྐོ་བའི་བྱེད་སྤྱོད་ཅིག་ཡིན་པས་ཁ་ཡ་མི་བྱེད་པ་གཏན་ནས་བྱེད་མི་སྲིད་ལ་ཧན་གོ་སྲིད་གཞུང་གིས་དེའི་ཐད་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་སྟབས་དེ་ལས་བྱུང་བའི་མཇུག་འབྲས་ཚང་མ་ཁྲའོ་ཞན་དབང་འཛིན་ལས་ཁུངས་ཀྱིས་འགན་ཁུར་དགོས་ཞེས་འཁོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།