འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།“དཀར་མཛེས་ཀྲོའུ་ཡི་ཡེ་ཤེས་ཟླ་བ་སླར་ཡང་སླེབས་ཡོད” 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་11ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་8ཉིན་གྱི་སྔ་དྲོ་སི་ཁྲོན་གྱི་འཐུས་མི་ཚོགས་པའི་སྒོ་འབྱེད་ཉིན་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཡི་ཀྲོའུ་ཀྲང་ཡེ་ཤེས་ཟླ་བས་གསུང་བཤད་གནང་སྐབས། “འཐུས་མི་དང་གསར་འགོད་པ་རྣམ་པ། སྨུག་རྡུལ་མེད་པའི་ས་ཆ། དཀར་མཛེས་ཀྲའུ་ནས་ཡོང་བའི་ཡེ་ཤེས་ཟླ་བ་སླར་ཡང་སླེབས་ཡོད”ཅེས་འཚམས་འདྲི་གནང་བར། ཚོགས་ཞུགས་མི་སྣའི་དོ་སྣང་བྱུང་ཡོད།
         ད་ལོ་ནི་ཡེ་ཤེས་ཟླ་བ་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནང་ཞུགས་ཐེངས་བཞི་པ་དེ་ཡིན་པ་དང་། འཚམས་འདྲི་ཞུ་བ་ཕུད་ཡེ་ཤེས་ཟླ་བས་ད་དུང་དཀར་མཛེས་ཀྲོའུ་རུ་ལྗང་མདོག་འཕེལ་རྒྱས་བྱུང་བའི་གཏམ་བཟང་ཡང་འཁྱེར་ཡོད་པ་སྟེ། དཀར་མཛེས་ཀྲོའུ་ཡིས་ལོ་4ཡི་རིང་ཡུལ་སྐོར་སྣེ་ལེན་ཞུ་ཚད་ལོ་རེར་ཆ་སྙོམས་27.2%འཕར་ནས། 2015ལོར་མི་ཐེངས་ཁྲི་1076ཟིན་པ་དང་། ཡུལ་སྐོར་ཡོང་འབབ་ལོ་རེར་ཆ་སྙོམས་43.8%འཕར་ནས་2015ལོར་སྒོར་དུང་ཕྱུར་107ཟིན་ཡོད་པ་རེད།
         ཡེ་ཤེས་ཟླ་བས“ང་ཚོས་དཀར་མཛེས་འདི་ཉིད་ལྗང་མདོག་འཛད་སྤྱོད་ཀྱི་ཚོང་ར་ཆེན་པོ་ཞིག་ཏུ་བསྐྲུན་ནས། ལྗང་མདོག་འཛད་སྤྱོད་གཏོད་པ་དང་། སྔོ་ལྗང་རྣམ་པ་བསྐྲུན་པ། སྐྱོན་བྲལ་ངང་འཕར་རྒྱུ་བཅས་ཀྱི་ཆེད་འབད་འཐབ་བྱེད་དང་བྱེད་མུས་ཡིན”ཞེས་གསུངས་པ་རེད།
         དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དེ་ཉིད་སི་ཁྲོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་15.3ཙམ་ཡོད་ཅིང་། ནམ་མཁའ་སྔོ་ཞིང་དྭངས་ལ། རི་ཀླུངསྔོ་ལྗང་གིས་བསྐོར་བ་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པའི་ཁམས་པའི་རིག་གནས་ཀྱང་ཡོད་པས། མི་མང་པོས་ཡིད་སྨོན་བྱེད་སའི“ཤམ་བྷ་ལ”ཡིན། ཡེ་ཤེས་ཟླ་བས་འབྱུང་འགྱུར་དཀར་མཛེས་ཀྲོའུ་ཡིས་རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་16དང་། འདམ་རའི་སྤྱི་གླིང་11 གངས་རིའི་སྤྱི་གླིང་2བཅས་འཆར་འགོད་འཛུགས་སྐྲུན་བྱས་ཏེ་ཐོན་སྐྱེད་ཀྱི་བར་མཐོངས་ཞིབ་གཉེར་དང་ནུས་ཆེ་དང་འཚོ་བའི་ཁོར་ཡུག་བདེ་ཞིང་སྐྱིད་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་བ་རེད།
         “ཡིན་ནའང་དྲ་རྒྱ་ཁྱབ་ཚད་ཆུང་བ་དང་དྲ་རྒྱའི་མྱུར་ཚད་འགོར་བས། དཀར་མཛེས་ཀྲོའུ་ཡི་ཆ་འཕྲིན་ཅན་འཕེལ་རྒྱས་ལ་ཚོད་འཛིན་ངེས་ཅན་ཕོག་ཡོད”ཅེས་ཡེ་ཤེས་ཟླ་བས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གྲངས་གཞིའི་འཇུར་མིག་སྐོར་གླེང་འགོ་ཚུགས།
         ཁོང་གིས་མིག་སྔར་དཀར་མཛེས་ཀྲོའུ་ཡི་སྲིད་འཛིན་གྲོང་ཚོ་2734ཡོད་པའི་ནང་80%རུ་2Gལག་ཐོགས་ཁ་པར་གྱི་བརྡ་རྟགས་ལས་མེད་པ་དང་། གྲོང་ཚོ་82.2%སུ་དྲ་ཆེན་ཁྱབ་མེད། “མཐའ་མཚམས་རྒྱང་རིང་ས་ཁུལ་གྱི་མང་ཚོགས་ཚོས་ལག་ཐོགས་ཁ་པར་ཉོ་ཐུབ་ཀྱང་ཁ་པར་རྒྱག་མི་ཐུབ་པ་དང་། གློག་ཀླད་ཉོ་ཐུབ་ཀྱང་དྲ་བར་ཞུགས་མི་ཐུབ་པ། ཡུལ་སྐོར་བས་པར་བརྒྱབ་ཀྱང་སྐད་འཕྲིན་ཐོག་བསྐུར་ཐུབ་ཀྱི་མེད”ཅེས་ངོ་སྤྲོད་གནང་།
         ཡེ་ཤེས་ཟླ་བས་གླེང་བའི་གནད་དོན་ཐད་ཚོགས་རའི་ཐོག་གི་མི་རྣམས་ཀྱིས་ཤུབ་ཤུབ་ངང་གྲོས་བསྡུར་བྱེད་ཅིང་། སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཧྲེང་ཀྲང་ཀྱང་དེའི་ཐད་བཀའ་མོལ་གནང་།
         ཡེ་ཤེས་ཟླ་བས“དེའི་གཞི་རྩའི་རྒྱུ་རྐྱེན་ནི་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་མ་དངུལ་མི་འདང་བས་རེད། དཀར་མཛེས་ཀྲོའུ་ས་རྒྱ་ཆེ་ཞིང་མི་ཉུང་བ་དང་། མ་འཇོག་དཀའ་ཚད་ཆེ་བ། སྲུང་སྐྱོང་ཐུབ་ཚད་དཀའ་བ་བཅས་ལས་ཁེ་ལས་ཀྱི་མ་འཇོག་ཧུར་བརྩོན་རང་བཞིན་ཆེན་པོ་མེད་པར་གྱུར་ཡོད། དེར་བརྟེན་བོད་རིགས་ས་ཁུལ་གྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་འགོ་འདོན་གྱི་ཡིན”ཞེས་གསུངས།
         གསུང་བཤད་གནང་མ་ཐག་གསར་འགོད་པ་མི་ཉུང་བ་ཞིག་གིས་ཡེ་ཤེས་ཟླ་བར་མིང་ཤོག་སྤྲད་ནས་བཅར་འདྲི་དང་ལེན་ཞུ་རྒྱུའི་རེ་བ་བཏོན། ཡེ་ཤེས་ཟླ་བས་འཛུམ་དམུལ་དམུལ་ངང་མིང་ཤོག་རེ་རེ་བཞིན་བླངས་ཏེ“ལྷན་རྒྱས་ཚང་མ་དཀར་མཛེས་ཀྲོའུ་རུ་ཡུལ་སྐོར་ལ་ཕེབས་རྒྱུར་དགའ་བསུ་ཞུ། དེས་མ་ཚད་ཁྱེད་རྣམ་པས་གྲངས་ཉུང་མི་རིགས་ས་ཁུལ་འཕེལ་རྒྱས་གཏོང་བའི་ཐད་དོ་ཁུར་མང་ཙམ་གནང་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།