འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་དང་ཨུ་ཡོན་གྱི་མྱོང་གཏམ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་11ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         བོད་རང་སྐྱོང་ལྗོངས་ཀྱི་སྲུང་སྐྱོང་ཁུལ་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆ་གཅིག་བཟུང་ཡོད་པས། རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁ་གསབ་ལམ་སྲོལ་བཟོས་ནས་དོ་དམ་འགྲོ་གྲོན་དང་བདག་སྐྱོང་མི་སྣ་མང་དུ་གཏོང་བ་དང་། བོད་ཀྱི་ནགས་ཚལ་སྣོད་བཅུད་ཁ་གསབ་མ་དངུལ་གྱི་ཚད་གཞི་མཐོ་རུ་བཏང་སྟེ། མུའུ་ཁྲི་1ཡོད་པའི་སྤུས་ལེགས་སྡོང་ཕྲུག་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱེད་དགོས། རྨོ་ཞིང་གི་དམར་ཐིག་སྲུང་བ་དང་དུས་མཚུངས་རྨོ་བསྐྱུར་ནགས་གསོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ནགས་ལས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ནགས་སའི་དབང་ཆ་གཏན་འཁེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
                            —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་ནགས་ལས་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་གཞོན་པ་ཡོན་ཏན་གྱིས་གསུངས།
         འདི་ལོ་རྒྱལ་ཡོངས་སྲིད་གྲོས་ཀྱིས“གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལག་ལེན་བསྟར་ནས་དབུལ་སྒྲོལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་དགོས་པའི”གྲོས་གཞིར་དམིགས་ནས། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ཨུའི་ཚོགས་འདུ་འཚོགས་ཏེ། གནད་སྨིན་དབུལ་སྐྱོར་ལས་ཀའི་ཁྲོད་དུ་དམངས་གཉེར་ཁེ་ལས་མཁས་ཅན་གྱི་ནུས་པ་གང་ལེགས་འདོན་དུ་འཇུག་པའི་གྲོས་འགོ་བཏོན་ཡོད། དམངས་གཉེར་ཁེ་ལས་ནི་སྒྱུར་བཅོས་སྒོ་དབྱེའི་ཕན་པ་ཐོབ་མཁན་ཞིག་ཡིན་པས་ཤེས་ལྡན་པའི་ལག་རྩལ་དོ་དམ་ཐད་ཀྱི་ལེགས་ཆ་ལྡན་ཡོད་ལ་རང་སྟོབས་རང་སྤེལ་དང་འབད་བརྩོན་ལྷོད་མེད་ཀྱི་འབད་འཐབ་སྙིང་སྟོབས་ཀྱང་ལྡན་ཡོད། དམངས་གཉེར་ཁེ་ལས་མཁས་ཅན་དེ་བས་མང་བ་དབུལ་སྐྱོར་ལས་ཀའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་དུས་མཚུངས་དཀའ་ངལ་ཡོད་པའི་ས་ཁུལ་དུ་དམངས་གཉེར་ཁེ་ལས་མཁས་ཅན་གྱི་འབད་འཐབ་སྙིང་སྟོབས་ཀྱི་ཤུགས་རྐྱེན་བཟང་པོ་ཐེབས་པ་བྱེད་དགོས། 2015ལོར་ཨུ་ཡོན་1546གཟིགས་ཞིབ་བརྟག་ཞིབ་བྱེད་སྒོའི་ནང་ཞུགས་ཡོད་པ་དང་སླད་ཕྱིན་ཨུ་ཡོན་དེ་བས་མང་བ་ཞུགས་རྒྱུའི་རེ་བ་ཡོད།
                         —— རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་ཏ་ཧྲེ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཟླ་བ་དོན་གྲུབ་ཀྱིས་གསུངས།
         “ལོ་ལྔ་ཚན་བཅུ་གསུམ་པ”ནི་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་ཡིན་ཞིང་། སྐུལ་ཁྲིད་ནུས་པ་ཆེ་བ་དང་། འབྲེལ་རྒྱ་ཆེ་བ། ལས་ཞུགས་ཁྱབ་རྒྱ་ཡངས་པ་བཅས་ཀྱི་ལེགས་ཆ་ལྡན་པའི་ཡུལ་སྐོར་ལས་རིགས་ནི་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་ལས་རྒྱལ་བའི་མདུན་རུ་དང་གདོང་ལེན་དམག་ཅིག་རེད། མཛེས་ལྗོངས་ཤིག་གསར་སྤེལ་བྱ་རྒྱུ་དང་། མཛེས་ལྗོངས་ཤིག་འཛུགས་སྐྲུན་བྱ་རྒྱུ། ཕྱོགས་ཞིག་གི་དཔལ་འབྱོར་ལ་སྐུལ་ཁྲིད་བྱ་རྒྱུ། ཕྱོགས་ཞིག་གི་མི་སེར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་བཅས་ནི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུའི་ཐབས་ལམ་ཡག་པོ་ཞིག་དང་། ལྷག་པར་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་སྦྲགས་ཡུལ་སྐོར་ལས་རིགས་འདི་ཉིད་རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། བརྟན་པོའི་ངང་འཕར་རྒྱུ་དང་། གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ། ཕྱོགས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་བཅས་བྱེད་དགོས་ན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་པོ་བཏང་སྟེ་སྤུས་ཚད་དང་ཕན་འབྲས་སྔར་བས་གོང་འཕེལ་གཏོང་བ་དང་། མཛེས་ལྗོངས་ས་ཚིགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མི་སྔར་བས་མང་པོ་་ཡུལ་སྐོར་ལས་རིགས་ཁྲོད་འགུགས་པ་བཅས་བྱས་ཏེ་ཡུལ་སྐོར་དམངས་ཕན་མངོན་འགྱུར་ཡོང་བ་བྱེད་དགོས།
                          —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧུང་ཝེ་ཡིས་གསུངས།
         ཇི་ལྟར་བྱས་ཏེ་གནད་སྨིན་དབུལ་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ་ཐོན་ལས་གང་ཞིག་འཕེལ་རྒྱས་གཏོང་བར་གཞི་རིམ་ལ་གནོན་ཤུགས་ཆེན་པོ་ཡོད་པ་དཔེར་ན། གཡེར་མ་འདེབས་འཛུགས་བྱས་ཚེ་ལོ་གསུམ་བཞི་སོང་ན་མ་གཏོགས་ཕན་འབྲས་ཐོབ་ཀྱི་མེད་པས་མང་ཚོགས་ཀྱི་ཡོང་འབབ་འཕར་འགོར་པོ་ཡོད། དེས་མ་ཚད་མེ་ཏོག་གི་འགྲིམ་འགྲུལ་སྟབས་བདེ་པོ་མེད་པ་དང་། རྒྱུ་ཆ་དབོར་འདྲེན་གྱི་མ་གནས་མཐོ་ཞིང་། འཕྲོད་བསྟེན་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་རེར་རིན་གོང་སྒོར་6000ཟིན་པ་ནི་རྒྱལ་ཁབ་ཀྱི་གཏན་འབེབས་ཁ་གསབ་ཚད་གཞིའི་ལྡབ་3རེད། དེར་བརྟེན་རྒྱལ་ཁབ་ཀྱིས་དོན་དངོས་གནས་ཚུལ་གཞིར་བཟུང་ཤང་གྲོང་འཕྲོད་བསྟེན་འཛུགས་སྐྲུན་གྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད། དུས་མཚུངས་སུ་རིམ་པ་གོང་མས་མི་རིགས་ས་ཁུལ་དུ་གཙོ་གནད་རྣམ་གྲངས་ལག་བསྟར་བྱེད་པ་དང་ཇུས་འགོད་རྩད་ཞིབ་ཐིག་ལེན་དུས་མཚམས་སུ་ས་གནས་དེ་གའི་སྲིད་གཞུང་དང་མང་ཚོགས་ཀྱི་བསམ་འཆར་མང་ཙམ་ཉན་ནས། འབྲེལ་ཡོད་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་དང་འགྲེལ་བཤད་ཡག་པོ་རྒྱག་པའི་དོགས་སེལ་ལས་དོན་སྔ་སྣུར་དུ་ཡག་པོ་བསྒྲུབ་དགོས།
                          —— རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་སྐལ་བཟང་སྒྲོལ་དཀར་གྱིས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།