འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།དངུལ་ཁང་གཅིག་དང་ཨུ་ལྷན་གསུམ་གྱིས་དངུལ་རྩའི་སྲིད་ཇུས་ཁག་24བཏོན་ནས་
    བོད་ལ་རྒྱབ་སྐྱོར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་09ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས་7ཉིན་གནས་ཚུལ་ཁྱབ་བསྒྲགས་བྱས་པར། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཀྲུང་དབྱང་དངུལ་ཁང་དང་། དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཀྲུང་གོ་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཉེ་ཆར་མཉམ་འབྲེལ་ཐོག་《དངུལ་རྩས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དངུལ་རྩས་བོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བསམ་འཆར་ཁག་24བཏོན་པ་རེད།
         བསམ་འཆར་ནང་དངུལ་ལོར་སྲིད་ཇུས་དང་། ཡིད་རྟོན་དངུལ་བུན་སྲིད་ཇུས། དངུལ་རྩའི་དབུལ་སྐྱོར་གསར་སྤེལ་སྲིད་ཇུས། ཕྱི་དངུལ་དོ་དམ་སྲིད་ཇུས་སོགས་མང་པོའི་ཐོག་ནས་བོད་ལ་ཧེ་བག་ཅན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་ཏེ་བོད་ཀྱི་དངུལ་རྩའི་སྒྲིག་གཞིའི་རྩ་འཛུགས་ཀྱི་བཀོད་པ་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་དང་རྒྱབ་སྐྱོར་བྱས་པ་དང་། བོད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། “ཞིང་གསུམ”ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས། ཁྱད་ལྡན་ཐོན་ལས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་དངུལ་རྩའི་རྒྱབ་སྐྱོར་དང་ཞབས་ཞུར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་བླང་བྱ་བཏོན་པ་རེད།
         བསམ་འཆར་ནང་བོད་ཀྱི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞིས་རིམ་པ་མང་པོའི་རྐང་དབང་ཁྲོམ་ར་འཕེལ་རྒྱས་སྟོབས་ཆེར་གཏོང་བ་དང་བུན་འཛིན་ཁྲོམ་ར་བརྒྱུད་མ་དངུལ་གྱི་འབྱུང་ཁུངས་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་དང་། བོད་ཀྱི་དོན་དངོས་ལ་གཞིགས་ནས་འགན་བཅོལ་སྒྲིག་གཞིས་གཙོ་གནད་ཁྱབ་ཁོངས་ཀྱི་ཐོན་ཟོག་དང་ཞབས་ཞུ་གསར་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ། བོད་ཀྱི་གཏོང་སྤྲོད་དང་ཡིད་རྟོན་སོགས་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་འཐུས་ཚང་དུ་བཏང་ནས་ཀུན་ཕན་དངུལ་རྩ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་སོགས་ཀྱི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།