འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།དྲང་གཏམ་བཤད་དེ་ཇུས་བཟང་འདོན། ནུས་ཤུགས་ཡོད་རྒུས་འཆར་འགོད་འདིང་།

    —— རྒྱལ་ཡོངས་སྲིད་གྲོས་ཀྱིས་2015ལོར་གྲོས་མོལ་དམངས་གཙོར་སྐུལ་འདེད་བཏང་བའི་སྐོར་ལ་ཕྱིར་མིག་ལྟ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་04ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         ཆབ་སྲིད་ཁ་ཕྱོགས་སྟངས་འཛིན་བྱས་ཏེ་གྲོས་མོལ་དམངས་གཙོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
         ཟླ་གསུམ་པར་པེ་ཅིང་དུ་དཔྱིད་དཔལ་རབ་ཏུ་བཞད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་ཉེར་ཡོད་པའི་སྐབས་འདིར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་མཉམ་འཛོམས་གནང་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཆེད་མཉམ་དུ་ཇུས་ཆེན་གླེང་བ་དང་ཇུས་བཟང་འདིང་རྒྱུ་རེད།
         2015ལོར་ཕྱིར་མིག་བལྟས་ཚེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་མཐའ་འཁྱོངས་བྱེད་པ་དང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་པར་དམ་པོར་དམིགས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ལ་དམ་བཟུང་བྱེད་པ་དང་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་རྣམ་པ་གསར་པ་གསར་གཏོད་ཐུབ་ཡོད་པ་རེད།
         སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ནི་རང་རྒྱལ་གྱི་མི་དམངས་དམངས་གཙོའི་རྣམ་པ་གལ་ཆེན་ཞིག་ཡིན་པ་དང་མི་དམངས་སྲིད་གྲོས་བཙུགས་པའི་ཉིན་ནས་བཟུང་དེ་ནི་ཆབ་སྲིད་གྲོས་མོལ་གྱི་སྒྲིག་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། ལོ་65ཡི་རིང་འཚོལ་ཞིབ་དང་འཕེལ་རྒྱས་བཏང་བ་བརྒྱུད་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལག་ལེན་ཟམ་མི་ཆད་པར་རྒྱ་བསྐྱེད་བྱུང་ཡོད།
         འདས་ཟིན་པའི་ལོ་གཅིག་ནང་རྒྱལ་ཡོངས་སྲིད་གྲོས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་དང་། ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་སྒྲིག་གཞི། མི་དམངས་དམངས་གཙོ་དར་སྤེལ་གཏོང་སྟངས་གཙོ་བོ་བཅས་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ཁོང་དུ་ཡང་དག་ཆུད་དེ་ཆེད་དོན་ནང་དོན་དུ་བྱེད་པ་དང་། ལས་རིགས་ཁག་སྦྲེལ་ཐག་ཏུ་བྱེད་པ། ཆེད་དོན་ཨུ་ལྷན་རྒྱབ་རྟེན་དུ་བྱེད་པ། བཞུགས་མོལ་དེ་བྱ་ཐབས་སུ་བྱེད་པ་བཅས་ཀྱི་གྲོས་མོལ་རྣམ་པ་གསར་གཏོད་ཧུར་ཐག་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གོ་རིམ་ལྡན་པའི་ངང་ཐེ་ཞུགས་བྱེད་པའི་ཐབས་ལམ་དང་སྟེགས་བུ་སྔར་བས་རྒྱ་ཆེར་བཏང་ཐོག་གྲོས་མོལ་དམངས་གཙོ་དེ་རྒྱ་ཁྱབ་དང་། རིམ་པ་མང་བ། ལམ་ལུགས་ཅན་བཅས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་རེད།
         2015ལོའི་ཟླ་6པར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་《མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》པར་འགྲེམས་བྱས་ཏེ་དུས་བབ་གསར་པའི་འོག་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་རྩ་བའི་བརྩི་སྲུང་ཞུ་ས་མཁོ་འདོན་བྱས་པ་རེད།
         2015ལོར་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚང་འཛོམས་ཚོགས་འདུ་དང་། རྒྱུན་ཨུའི་ཚོགས་འདུ་ཐེངས་5 ཆེད་དོན་གྲོས་མོལ་ཚོགས་འདུ་ཐེངས་2 གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་20བཅས་འཚོགས་པ་བརྒྱུད་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ཁྲོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གནད་དོན་འགངས་ཆེན་ཞིབ་འཇུག་གཏིང་ཟབ་བྱས་པ་རེད། གཞན་ཡང་རྒྱལ་ཡོངས་སྲིད་གྲོས་ཀྱིས་ད་དུང་གཟིགས་ཞིབ་བརྟག་ཞིབ་ཐེངས་100ལྷག་ཙམ་དང་གྲོས་མོལ་བྱེད་སྒོ་ཐེངས་40ལྷག་ཙམ་སྤེལ་བས་ཨུ་ཡོན་1546དང་མི་ཐེངས་4697ཞུགས་པ་དེས་ཨུ་ཡོན་བསྡོམས་འབོར་གྱི་69.8%བཟུང་ཡོད་པ་རེད།
         “ལམ་ལུགས་གསར་གཏོད་ལ་བརྟེན་ནས་གྲོས་མོལ་དམངས་གཙོ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ”དང“གྲོས་མོལ་དམངས་གཙོ་དེ་སྲིད་གྲོས་ལས་ཀའི་གཙོ་གནད་ལ་བརྩིས་ནས་སྔར་བས་མངོན་གསལ་དོད་དུ་གཏོང་དགོས་པ”ལ་སོགས་2015ལོའི་ཟླ་7ཚེས་15ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་ས་གནས་སྲིད་གྲོས་ལས་ཀའི་ཉམས་མྱོང་སྤེལ་རེས་ཚོགས་འདུའི་ཐོག་ས་གནས་ཁ་ཤས་ཀྱི་སྲིད་གྲོས་ཀྱི་འགན་འཁུར་བས་གྲོས་མོལ་དམངས་གཙོ་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འགོད་བྱས་པ་ཞིག་རེད།
         གང་བསམ་ལྷུག་པོར་གླེང་བ་དང་ཚང་མས་རང་གི་ལྟ་སྟངས་བཤད་པ་མ་ཟད་སྟངས་འཛིན་ཚད་རན་དང་སྒྲིག་ཁྲིམས་དང་མཐུན་པའི་སྒོ་ནས་མཐར“གྲོས་མོལ”བྱས་པ་བརྒྱུད་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་ཀྱི་ཡོད། གཟའ་འཁོར་གཉིས་རེའི་གྲོས་མོལ་བཞུགས་མོལ་ཚོགས་འདུའི་གསོན་ཉམས་དོད་པའི་ལག་ལེན་ལས་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཤུགས་ཆེར་སོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་གསོན་ཤུགས་སྟོབས་ཆེན་མངོན་ཡོད།
          ཚན་རིག་དང་མཐུན་པའི་སྒོ་ནས་གྲོས་མོལ་གྱི་གྲོས་འགོ་གཏན་འཁེལ་བྱེད་པ་དང་། གྲོས་མོལ་གྱི་གོ་རིམ་ཚད་ལྡན་བཟོ་བ། ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ་ལ་སོགས་བྱས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་ད་དུང་ལམ་ལུགས་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་ཨུ་ཡོན་གྱི་འགན་སྒྲུབ་དང་། ཆེད་དོན་ཨུ་ལྷན་གྱི་ལས་དོན། གྲོས་གཞི་བདག་གཉེར་གྲོས་མོལ། ཨུ་ཡོན་གྱི་གཟིགས་ཞིབ་རྟོག་ཞིབ། ཆེད་དོན་བརྟག་ཞིབ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་མཚོན་པའི་ཆ་འཕྲིན་སོགས་ལམ་ལུགས་ཁག་10བཟོས་པའམ་ཡང་ན་བཟོ་བཅོས་བརྒྱབ་ནས་འགན་ནུས་བསྒྲུབ་རྒྱུ་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་སྐུལ་འདེད་བཏང་བ་དང་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་གི་སྟེགས་བུ་དེ་བས་བརྟན་དུ་དང་རྒྱ་ཆེ་རུ་བཏང་བ་རེད།
         ལྟེ་བའི་ལས་འགན་དམ་བཟུང་བྱས་ཏེ་གྲོས་མོལ་སྲིད་གླེང་གི་དངོས་ཕན་ཆེ་རུ་བཏང་བ།
         ལྟེ་བའི་ལས་འགན་དམ་བཟུང་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལ་དམ་པོར་དམིགས་ནས་བརྟག་ཞིབ་གྲོས་འགོ་བཟོ་རྒྱུ་དེ་2015ལོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་འགན་གལ་ཆེན་གྱི་གྲས་ཤིག་ཡིན་ལ་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད།
         2015ལོའི་ཟླ་4པ་ནས་བཟུང་དུས་ཡུན་ཟླ་3གཅིག་སྡུད་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟིགས་ཞིབ་བརྟག་ཞིབ་དང་གྲོས་མོལ་སྲིད་གླེང་བྱེད་སྒོ་ཐེངས་56བསྟུད་མར་སྤེལ་ནས་འཛད་སྤྱོད་དགོས་མཁོ་རྒྱ་ཆེར་གཏོང་བ་དང་། དེང་དུས་ཞིང་ལས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བཟོ་སྐྲུན་ལས་རིགས་ཕྱོགས་འགྱུར་རིམ་སྤོར། ཐོན་ནུས་ལྷག་དྲགས་པའི་གནད་དོན་ཞི་ལྷོད་དུ་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་འགྲོ་བའི་ཁྲོད་ཀྱི་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་སོགས་གནད་དོན་གལ་ཆེན་ལ་ཞིབ་འཇུག་ནན་ཏན་བྱས་པ་རེད།
         ལྷག་དོན་དུ་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་རྗེས་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆེད་མངགས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་རྒྱུར་དམིགས་ནས་གཟིགས་ཞིབ་བརྟག་ཞིབ་དང་། གྲོས་གཞི། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་གྱི་ཆ་འཕྲིན་སོགས་ཀྱི་རྣམ་པའི་ཐོག་ནས་སྲིད་གླེང་དང་ཐབས་ཇུས་བཏོན་ཡོད། དེ་དང་དུས་མཚུངས་དུས་ཚིགས་རེར་སྤྱི་ཁོག་དཔལ་འབྱོར་དུས་བབ་དབྱེ་ཞིབ་ཚོགས་འདུ་རེ་འཚོགས་ནས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་གླེང་སྟེགས་དང་མི་འབོར་ཐོན་ཁུངས་ཀྱི་ཁོར་ཡུག་གནས་བབ་དབྱེ་ཞིབ་ཚོགས་འདུ་སོགས་འཚོགས་པ་དང་། འགུལ་རྣམ་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ལ་དུས་ཐོག་ཏུ་ཁ་གཏད་གཅོག་པ་དང་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་སྲིད་ཇུས་འཐུས་ཚང་ཡོང་ཆེད་ཐབས་དང་ཇུས་བཏོན་ཡོད།
         ལོ་གཅིག་རིང་རྒྱལ་ཡོངས་སྲིད་གྲོས་ཀྱིས་ད་དུང་གྲོས་མོལ་བཞུགས་མོལ་དང་། ཆེད་དོན་བརྟག་ཞིབ། གཟིགས་ཞིབ་རྟོག་ཞིབ་སོགས་ཀྱི་བྱེད་ཐབས་རྒྱ་ཁྱབ་ངང་སྤྱད་དེ་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་དང་གྲོས་གཞི་གྲོས་འགོ་འདོན་པ་སོགས་བྱེད་ཐབས་སྣ་ཚོགས་ཐོག་ནས་ཐབས་དང་ཇུས་ཧུར་ཐག་བཏོན་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱེད་ཐབས་འགངས་ཆེན་སྒྲུབ་ཆེད་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་པ་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་ཆེད་དྲང་ནུས་གཅིག་སྒྲིལ་ཐུབ་པ་བྱས་པ་རེད།
         ཆེད་དོན་གྲོས་མོལ་ཚོགས་འདུའི་ཆེད་དོན་རང་བཞིན་ཆེ་ལ་དུས་ཚོད་ཛ་དྲག་པའི་ཁྱད་ཆོས་ལ་དམིགས་ནས་ཚོགས་འདུ་མ་འཚོག་གོང་ནས་རྟོག་ཞིབ་དང་བརྟག་ཞིབ་ཟབ་མོ་བྱེད་པ་དང་། ཚོགས་འདུའི་ཐོག་སྤེལ་རེས་ཟབ་མོ་བྱེད་པ། ཚོགས་འདུ་གྲོལ་རྗེས་འཕྲལ་མར་བསམ་འཆར་དང་གྲོས་འགོ་སྙན་སེང་ཞུ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྲིད་འཛིན་ཞིབ་བཤེར་ཆོག་མཆན་ལམ་ལུགས་སྒྱུར་བཅོས་དང་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་སོགས་ལ་དམིགས་ནས་ཆེད་དོན་གྲོས་མོལ་བྱས་པ་དང་།
         སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་དངུལ་རྩའི་ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་དང་། གྲོང་ཁྱེར་དོ་དམ་གྱི་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། གྲོང་གསེབ་ཀྱི་ས་ཞིང་དབང་ཆ་གཏན་འཁེལ་དང་ཐོ་འགོད་བྱེད་པ་སོགས་ལ་དམིགས་ནས་གཟིགས་ཞིབ་དང་བརྟག་ཞིབ་བྱས་ཏེ་དམངས་གཙོའི་ལྟ་སྐུལ་བྱེད་པའི་ཟུར་ཚད་ཐོག་ནས་དོན་འཁྱོལ་བྱ་རྒྱུ་གཙོ་གནད་དུ་བཞག་པ།
         ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་བཅའ་ཁྲིམས་དང་། རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་འཆར་ཟིན་ལ་བསམ་འཆར་བཏོན་པ་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་དང་ཁྲལ་འབྲེལ་ཆེད་ལས་ཞབས་ཞུའི་སྤྱི་ཚོགས་རྩ་འཛུགས་ཀྱི་ཁྲིམས་འཛུགས་སོགས་ཐད་བརྟག་ཞིབ་དང་གྲོས་མོལ་བྱས་ནས་འབྲེལ་ཡོད་བཅའ་ཁྲིམས་འཐུས་ཚང་ངང་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་སོགས་རེད།
         བརྟག་ཞིབ་རེ་རེ་དང་། སྤེལ་རེས་རེ་རེ། བཞུགས་མོལ་རེ་རེ་བཅས་ཀྱི་མཉམ་འགུལ་དང་འབྲེལ་གཏུག་ཁྲོད་ཇུས་བཟང་རེ་རེ་བཞིན་ཆགས་ཡོད། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐུན་མོང་མ་ཡིན་པའི་ལེགས་ཆ་དེ་མི་དམངས་སྲིད་གྲོས་ཀྱི་སྟེགས་བུ་དེའི་ཐོག་གསོན་ཉམས་དོད་པོས་མངོན་པར་བྱས་པ་རེད།
         མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ནས་དམངས་འཚོ་ལེགས་སུ་གཏོང་གང་ཐུབ་བྱས་པ།
         “སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་བསྐྲུན་རྒྱུ་དེ་གལ་ཏེ་ཕན་བདེ་རྣམ་པའི་སྲིད་འཛིན་རང་བཞིན་འཛུགས་སྐྱོང་བྱ་རྒྱུར་གྱུར་ཚེ་ནོར་འཛོལ་ཐོན་སྲིད”“‘རྒྱུག་པ་ལེབ་བརྡུངས’ཀྱི་སྲིད་འཛིན་བཀའ་རྒྱ་གཏོང་མི་རུང”ལ་སོགས་2015ལོའི་ཟླ་6ཚེས་16ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ཐོག་རྒྱུན་ཨུ་ཁག་གཅིག་གིས་དེང་སྐབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཐད་ལྷགས་པའི་གནད་དོན་ཐད་ཀར་གསུངས་ནས་ཐབས་དང་ཇུས་ཧུར་ཐག་བཏོན་ཡོད།
         “ཉེ་བའི་ལོ་བཅུ་ལྷག་ཙམ་ནང་རང་རྒྱལ་གྱི་རིག་གནས་བྱ་གཞག་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་མོད། འོན་ཀྱང་རྒྱལ་ཁབ་ནོར་སྲིད་གཏོང་ཆའི་བསྡུར་ཚད་བཟུང་ཚད་སྔར་བཞིན་དམའ་པོ་ཡིན་པ་མ་ཟད། ས་ཁུལ་དབར་དོ་སྙོམས་མེད་པའི་གནས་ཚུལ་ཡང་ཐོན་ཡོད། མདུན་གྲལ་དུ་གནས་པའི་ཧྲང་ཧའེ་དང་པེ་ཅིང་སོགས་མི་རེར་ཆ་སྙོམས་སྒོར་100ལྷག་ཙམ་ཟིན་པ་དང་དེས་ན་མི་འབོར་མང་བའི་ཞིང་ཆེན་ཆེ་གྲས་ཁག་གཅིག་གི་མི་རེར་ཆ་སྙོམས་སྒོར་20ཡང་ཟིན་གྱི་མེད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ལི་ལིང་གིས་བཤད་པ་རེད།
         ལོ་གཅིག་རིང་རྒྱལ་ཡོངས་སྲིད་གྲོས་ཀྱིས་དམངས་ཆེད་ལས་འགན་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་དམངས་ཕན་གྱི་ཐབས་འདོན་པ་དང་དམངས་བདེའི་ཇུས་བཏོན་ནས་དམངས་ལ་ཕན་འདོགས་པའི་བྱ་ཐབས་ལ་སྐུལ་འདེད་བཏང་བ་དང་མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ནས་དམངས་འཚོ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་སྟེ།
         —— ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་སྒྲོལ་གྱི་གནད་དོན་ལ་རྒྱུན་མཐུད་ངང་དོ་ཁུར་བྱས་ནས་ཉིང་ཞ་དང་། ཀུའེ་ཀྲོའུ། ཆིན་པ་རི་ཁུལ་སོགས་གཅིག་སྡུད་ཡུག་སྦྲེལ་ས་ཁུལ་དབུལ་པོའི་འཕེལ་རྒྱས་ལ་རྗེས་སྙེགས་བརྟག་ཞིབ་བྱས་ཏེ་གྲོས་མོལ་དང་བཞུགས་མོལ་བྱས་པ་དང་།
         —— སློབ་གསོ་དང་། སྨན་བཅོས། ལས་ཞུགས། ཁོར་ཡུག་སྲུང་སྐྱོང་སོགས་གླེང་མང་བའི་གནད་དོན་ལ་དམིགས་ནས་གཟིགས་ཞིབ་བརྟག་ཞིབ་བྱས་ཏེ་ཤང་དང་གྲོང་ཚོའི་དགེ་རྒན་དཔུང་ཁག་བཏོད་པ་དང་། མཐོ་སློབ་ཀྱིས་ཁྱད་ལྡན་གཉེར་བ། གསར་གཏོད་ཤེས་ལྡན་པ་སྐྱེད་སྲིང་བྱེད། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་བཙུགས་པ། གཞི་གྱིན་བསྒྱུར་བའི་ཞིང་ལས་ཐོན་རྫས་བདེ་འཇགས་ཡོང་བ་སོགས་ཐད་ཐབས་དང་ཇུས་བཏོན་པ།
         —— མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ཡག་པའི་ངང་སྐོང་ཐུབ་རྒྱུར་དམིགས་ནས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ནུས་པ་འདོན་པ་དང་། སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པ་སོགས་ལ་གཞིགས་ནས་བརྟག་ཞིབ་སྲིད་གླེང་བྱས་པ།
         —— ཨུ་ཡོན་དང་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་སུ་བསྐྱོད་ནས་དངོས་ཟོག་ཞལ་འདེབས་རྒྱག་པ་དང་། ཤེས་བྱ་འཆད་འཁྲིད་བྱེད་པ། འཚམས་འདྲིའི་འཁྲབ་སྟོན་བྱེད་པ། འོས་འགན་སྨན་བཅོས་དང་མཉམ་བསྡུས་ནད་དཔྱད་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་མང་ཚོགས་ལ་དྲོ་སྐྱིད་དང་བརྩེ་སེམས་སྦྱིན་པ་ལ་སོགས་རེད།
         གཞན་ཡང་རྒྱལ་ཡོངས་སྲིད་གྲོས་ཀྱིས་ད་དུང་རྣམ་པ་གསར་གཏོད་ཟམ་མི་ཆད་པར་བྱས་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་བཏང་བ་དང་མཐུན་འབྲེལ་སྤེལ་རེས་ཟབ་མོ་བྱས་ཏེ་ཕྱི་ཕྱོགས་འགྲོ་འོང་ཟབ་ཏུ་བཏང་ཡོད། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་དང་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་གྱིས་ཀྱང་རྣམ་པ་དང་། ཐབས་ལམ། སྟེགས་བུ་བཅས་མི་འདྲ་བའི་ཐོག་ནས་རང་ནུས་གང་ལྕོགས་ཀྱིས་དམངས་འཚོའི་འཕེལ་རྒྱས་ལ་དོ་ཁུར་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་བཏང་བ་རེད།
         དུས་རབས་ཀྱི་འཕེལ་ཚུལ་ཁོང་དུ་ཆུད་པ་བྱས་ནས་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་གཅིག་མཐུན་བྱས་ཤིང་། མི་དམངས་སྲིད་གྲོས་ཀྱི་ལོ་གཅིག་ནང་ཚུན་གྱི་ལག་ལེན་དང་ཐོབ་པའི་གྲུབ་འབྲས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལ་དམིགས་སུ་ཡོད་པའི་གྲོས་མོལ་དམངས་གཙོའི་ཐུན་མོང་མ་ཡིན་པའི་ལེགས་ཆ་དང་གསོན་ཤུགས་སླར་ཡང་ར་སྤྲོད་བྱས་པ་རེད།
         ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་མི་དམངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་ཆེན་པོ་གཉིས་མཐའ་འཁྱོངས་བྱས་ནས་བདེན་གཏམ་མང་ཙམ་བརྗོད་པ་དང་། ཇུས་བཟང་མང་ཙམ་འདོན་པ། བྱ་ཐབས་དངོས་མང་ཙམ་འདོན་པ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ”པའི་འགོ་ཡག་པོ་འཛུགས་ཐུབ་པར་སེམས་ཤུགས་གཅིག་སྒྲིལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།