འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་དེ་བས་གསོན་ཤུགས་ལྡན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་29ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཟླ་1ཚེས་26ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་གསར་འགོད་པ་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་བཟོ་ཚོང་ལས་རིགས་ཀྱི་ཚོགས་ཆུང་གྲོས་བསྡུར་གྱི་ཚོགས་ཁང་དུ་སླེབས་སྐབས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་ས་མཐོའི་མཆོག་ནོར་གྱི་ཏུང་ཧྲེ་ཀྲང་ཝང་ཧྲེ་ཆོན་སྔ་ས་ནས་ཚོགས་ཁང་དུ་ཕེབས་ཏེ་གཏམ་བཤད་ཀྱི་གྲ་སྒྲིག་བྱེད་བཞིན་ཡོད་པ་མཐོང་བྱུང་།
         ཝང་ཧྲེ་ཆོན་གྱིས་ས་མཐོའི་མཆོག་ནོར་གྱི་དམིགས་ཡུལ་ནི་འབྲི་གཡག་ཐོན་ལས་འཕེལ་རྒྱས་བཏང་ནས་བོད་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་དེ་ཡིན། 2015ལོར་བོད་དུ་བོད་ལྗོངས་ས་མཐོའི་མཆོག་ནོར་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1ཟིན་ནས་བོད་ཀྱི་མི་སེར་ལ་ཡོང་འབབ་སྒོར་ཁྲི་5000བཏོད་ཡོད། 2016ལོར་ང་ཚོས་སི་ཁྲོན་དང་ཀན་སུའུ་སོགས་སུ་ལས་སྣོན་བཟོ་གྲྭ་བཙུགས་ཏེ་ལྗོངས་ཕྱིར་ཁ་ཕྱོགས་པ་དང་ཁྲོམ་ར་རྩེ་གྲར་འདོན་རྒྱུ་ཡིན་པས་འདི་ལོ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3ནས་4བར་ཟིན་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
         མཛད་བྲེལ་ཆེ་བའི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་མཁའ་འགྲུལ་གྱི་ཏང་ཨུད་ཧྲུའུ་ཅི་ཏུང་ཧྲེ་ཀྲང་གཞོན་པ་བཅས་ཡིན་པའི་རན་ཧྲེ་ཕིང་གིས“ང་ཚོའི་ཀུང་སིས་སྔ་ཕྱི་བར་གསུམ་དུ་བོད་ལ་དགའ་ཞེན་དང་། བོད་དུ་གཞི་ཚུགས་པ། བོད་འཛུགས་སྐྲུན། མཐའ་མཚམས་ལ་ཞབས་ཞུ་བཅས་ཀྱི་དམིགས་ཡུལ་ལག་བསྟར་བྱས་པ་དང་2015ལོར་བོད་ལྗོངས་མཁའ་འགྲུལ་ཀུང་སིའི་འཕེལ་ཕྱོགས་བཟང་པོ་བྱུང་ནས་ལོ་འཁོར་མོར་ལས་འཛོལ་སྔ་ལྟས་དང་དེ་བཞིན་དེ་ཡན་གྱི་བདེ་འཇགས་ལས་འཛོལ་ཐོན་མེད་པ་དང་ཆུ་ཚོད་ཁྲི་5.25བདེ་འཇགས་ངང་འཕུར་སྐྱོད་བྱས་པར་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་200ལས་ཚད་བརྒལ་བྱུང་བ་དང་། ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་22.73བྱུང་ནས་དཔྱ་ཁྲལ་སྒོར་དུང་ཕྱུར་1.63འཇལ་ཡོད། མིག་སྔར་བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་ལམ་(དེའི་ནང་བོད་དང་འབྲེལ་བ་ཡོད་པའི་མཁའ་ལམ་21ཡོད་པ)34ཤར་གཏོང་བྱས་ནས་མཁའ་ལམ་གཏོད་པའི་དུས་ཡུན་ཐུང་ཤོས་དང་། སྐྱེལ་འདྲེན་བྱེད་པའི་གཞི་ཁྱོན་ཆུང་ཤོས། བོད་དང་འབྲེལ་བ་ཡོད་པའི་མཁའ་ལམ་མང་ཤོས་བཅས་ཀྱི་མཁའ་འགྲུལ་ཀུང་སིར་གྱུར་ཡོད”ཅེས་བཤད་པ་རེད།
         རན་ཧྲེ་ཕིང་གིས་གདེང་ཚོད་ཀྱིས་ཁེངས་བཞིན་དུ“2016ལོར་ང་ཚོའི་ཀུང་སིས་ཏང་འཛུགས་སྐྱོང་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ་བདེ་འཇགས་དང་། ཞབས་ཞུ། ཕན་འབྲས་བཅས་ལྡན་པའི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཀྱི‘རྒྱུད་གཅིག་ལམ་གཅིག’གི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་ཐུབ་པ་བྱས་ཏེA320རྟགས་ཅན་གྱི་གནམ་གྲུ་4དང་A330རྟགས་ཅན་གྱི་གནམ་གྲུ་1ནང་འདྲེན་བྱས་ཏེ་གནམ་གྲུའི་རུ་ཁག་གི་གཞི་ཁྱོན་གནམ་གྲུ་19བར་ཟིན་པ་བྱས་ནས་ཨེ་ཤེ་ཡའི་ཤར་ལྷོར་ཤར་གཏོང་ཐུབ་པའི་རྒྱལ་སྤྱིའི་ལམ་ཐིག་གཏོད་པ་དང་མ་འཇོག་ཁེ་ལས་ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སི་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ་རྒྱལ་སྤྱི་ཅན་གྱི་མཁའ་འགྲུལ་ཀུང་སི་འབྲིང་གྲས་སུ་འགྱུར་བ་བྱས་ཏེ་འཛམ་གླིང་སྔོན་ཐོན་གྱི་ས་མཐོའི་མཁའ་འགྲུལ་ཀུང་སི་ཧུར་ཐག་བཏོད་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཡུན་རིང་བདེ་འཁོད། དམངས་སྤྱོད་མཁའ་འགྲུལ་གྱིས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལ་སྐུལ་མ་གཏོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད་པ་རེད།
         ས་མཐོའི་མཆོག་ནོར་དང་བོད་ལྗོངས་མཁའ་འགྲུལ་ཀུང་སི་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་བྱུང་བ་ནི་རང་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་མཚོན་ཚུལ་ཙམ་རེད།
         2015ལོར་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་མི་རྣམས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།
         —— 2015ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར་1000ལས་བརྒལ་ནས་བལྟོས་མེད་ཚད་འཆར་འགོད་དམིགས་ཚད་ཀྱི་སྔོན་དུ་མངོན་འགྱུར་བྱུང་བ་དང་།
         —— ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་དཔག་ལྟར་ན་སྒོར་8400ཟིན་ཏེ་ལོ་གོང་མ་ལས་14%འཕར་ནས་ལོ་13བསྟུད་མར་གྲངས་གནས་གཉིས་ཡན་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།
         —— 2015ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་100ལས་བརྒལ་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད།
         —— 2015ལོར་ལྗོངས་ཡོངས་ཀྱི་བཟོ་ལས་དང་དཔལ་འབྱོར་བརྟན་པོའི་ཁྲོད་ཡར་རྒྱས་དང་། བརྟན་པོའི་ཁྲོད་ལེགས་སུ་ཕྱིན་པ། བརྟན་པོའི་ཁྲོད་སྤུས་ཚད་མཐོ་རུ་ཕྱིན་པ་བཅས་བྱུང་ནས་བཟོ་ལས་ཀྱི་གནས་འཕར་རིན་ཐང་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར་82ཟིན་ནས་དུས་མཚུངས་ལས་14%འཕར་ཏེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཐོག“ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་ཕུན་སུམ་ཚོགས་པོའི་ངང་བསྡུས་ཡོད།
         2015ལོར་ལྗོངས་ཡོངས་སུ་སྔོན་དཔག་ལྟར་ན་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་2000ལས་བརྒལ་བ་དང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་280ལས་བརྒལ་ཡོད།
         འབྱུང་འགྱུར་གྱི་ལོ་ཟླའི་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དེ་བས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།